ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། པཎ་ཆེན་རིན་པོ་ཆེ་མཆོག་གིས། “ང་ཚོ་ནི་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་ཞིག་ཡིན་པས། རང་གི་བསྟན་པ་ལ་ལྷག་བསམ་རྣམ་དག་དང་གུས་པའི་སེམས་ལྡན་དགོས་ལ། ངེས་པར་དུ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་དགོན་སྡེ་ཡིན་ཚེ་དགོན་སྡེ་དང་འདྲ་བོ་ཞིག་དང་། དགེ་འདུན་པ་ཡིན་ཚེ་དགེ་འདུན་པ་དང་འདྲ་བོ་ཞིག་ཡོང་བར་བྱེད་དགོས་ཞེས་པའི་བཀའ་སློབ་རྒྱུད་ལ་བརྟན་པོར་ངེས་ནས། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ། ང་ཚོའི་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་བྱེད་མཁན་གྱི་འགན་འཁྲི་དང་འོས་འགན་རེད”ཅེས་ཞལ་གསུང་གནང་། ཉེ་ཆར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་སྔ་རྗེས་སུ་གཞིས་རྩེ་གྲོང་ཁྱེར་ལྷ་སྡིངས་དགོན་དང་། སྤོས་ཁང་དགོན། གྲངས་མེད་ཅན་དགོན་བཅས་སུ་ཕེབས་ནས་མཆོད་མཇལ་དང་བཀའ་ཆོས་གནང་ཞིང་། ཁོང་གིས་དགེ་འདུན་པ་ཚོས་བསྟན་པའི་འཕྲིན་ལས་ཕྲག་ཏུ་འཁུར་ཏེ་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་དགོས་པ་མ་ཟད། རང་དཔེ་གཞན་སྟོན་དང་འགན་འཁྲི་ཁུར་ཕོད་པ་བཅས་བྱེད་དགོས་པའི་སྐུལ་མ་ཡང་གནང་།

པཎ་ཆེན་རིན་པོ་ཆེ་མཆོག་དགེ་འདུན་པ་ཚོའི་སྣེ་ཁྲིད་འོག་ལྷ་སྡིངས་དགོན་པའི་ཚོམས་ཆེན་དུ་ཕེབས་བཞིན་པ།
པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀའ་ཆོས་གནང་སྐབས། ཁོང་གིས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་སྔོན་ཆད་བོད་བརྒྱུད་ནང་བསྟན་དེ་ཡང་དར་གྱི་དུས་སྐབས་སུ་སླེབས་ངེས་པའི་ལུང་བསྟན་གནང་མྱོང་། བོད་བརྒྱུད་ནང་བསྟན་གྱི་ཡང་དར་གྱི་དུས་སྐབས་ཞེས་པ་ནི་དགོན་སྡེ་ཁ་ཤས་དང་དགེ་འདུན་པ་ཁ་ཤས་ཡོད་པ་ཙམ་ཞིག་མ་ཡིན་པར། དེ་ནི་སྒྲིག་སྲོལ་ནན་སྲུང་དང་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་ལ་གོ་བ་ཡང་དག་ལེན་པ་དང་། ལུས་སེམས་རྣམ་དག མདོ་སྔགས་གཉིས་ལ་ཟབ་སྦྱོང་བཅས་ཀྱི་ཚུལ་ཁྲིམས་སྲུང་མཁན་ལ་ཟེར་ཞེས་གསུངས།
པཎ་ཆེན་རིན་པོ་ཆེ་མཆོག་གིས། ད་ཆ་ནི་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་ཡང་དར་སྐབས་ཀྱི་དུས་སྐབས་ཡག་ཤོས་ཤིག་ཡིན་པས། དགེ་འདུན་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་ནང་བསྟན་ལས་གསུངས་པ་ལྟར་བྱ་བ་ཡག་པོ་སྒྲུབ་དགོས་པ་དང་། ཐོབ་པར་དཀའ་བའི་དལ་འབྱོར་གྱི་ལུས་རྟེན་འདི་ལ་གཅེས་སྤྲས་བྱས་ཏེ་དགེ་སྦྱོར་ཚོགས་བསགས་བྱས་ནས་མིང་དོན་གཉིས་ལྡན་གྱི་དགེ་འདུན་པ་བཟང་པོ་ཞིག་བྱེད་དགོས། ང་ཚོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་པས་ང་ཚོས་ཡང་དག་པའི་སྤྱི་དམངས་ཀྱི་ལྟ་བ་དང་། རྒྱལ་ཁབ་ཀྱི་ལྟ་བ། མི་ཚེའི་ལྟ་བ་ཡང་དག་བཅས་འཛུགས་དགོས་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་རྒྱལ་གཅེས་ཁྲིམས་སྲུང་དང་ཆོས་གཅེས་སྡོམ་སྲུང་གི་བཀའ་སློབ་ལ་བརྩི་སྲུང་ཞུ་བ་བཅས་བྱེད་དགོས་ཞེས་གསུངས།
པཎ་ཆེན་རིན་པོ་ཆེ་མཆོག་གིས་མཆོད་མཇལ་གནང་བཞིན་པ།
ལྷ་སྡིངས་དགོན་ནི་རྣམ་གླིང་རྫོང་ཆུམ་ཞང་དུ་གནས་ཡོད་ལ་དེ་ནི་དགེ་ལུགས་པའི་དགོན་སྡེ་ཞིག་ཡིན་ཞིང་། དགོན་སྡེ་དེ1480ལོར་ཕྱག་བཏབ་པ་ནས་ད་བར་དུ་ལོ་ངོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན།
“ལྷ་སྡིངས་དགོན་ནི་དགེ་འདུན་པ4ལས་མེད་པའི་དགོན་པ་ཆུང་ཆུང་ཞིག་ཡིན། དེ་ཡང་བོད་བརྒྱུད་ནང་བསྟན་གྱི་དེད་དཔོན་ཆེན་མོ་པཎ་ཆེན་རིན་པོ་ཆེ་མཆོག་ལྷ་སྡིངས་དགོན་དུ་བཀའ་ཆོས་གནང་བར་ཕེབས་པ་ནི་དགའ་འོས་པ་ཞིག་ཡིན་ལ་སེམས་འགུལ་དང་བཀའ་དྲིན་རྗེས་སུ་དྲན་པ་ཞིག་ཀྱང་རེད”ཅེས་ལྷ་སྡིངས་དགོན་དུ་སློབ་སྦྱོང་དང་འཚོ་བ་བསྐྱལ་ནས་ལོ36སོང་བའི་དགེ་འདུན་པ་ལྷུན་གྲུབ་སྦྱིན་པས་ལྷག་བསམ་རྣམ་དག་གིས་བརྗོད་པ་དང་། ཁོང་གིས་པཎ་ཆེན་རིན་པོ་ཆེ་མཆོག་ལྷ་སྡིངས་དགོན་དུ་ཕེབས་པ་ནི་མི་སེམས་ལ་དགའ་སྤྲོ་སྦྱིན་པའི་བྱ་བ་རླབས་ཆེན་པོ་ཞིག་རེད། པཎ་ཆེན་རིན་པོ་ཆེ་མཆོག་ལ་ཕེབས་བསུ་ཞུ་ཆེད་དགོན་པས་ཀྱང་གྲབས་གཤོམ་གྱ་ནོམ་པ་བྱས་ཡོད་ཅེས་བརྗོད།
ཉིན་དེའི་ལྷ་སྡིངས་དགོན་པ་ནི་ལང་ལོང་འཐིབ་པའི་མཆོད་སྤྲིན་གྱི་ཀློང་ན་སྔར་ལས་ལྷག་པར་མཛེས་ཤིང་རྔམ་བརྗིད་ལྡན་པར་མཆིས། པཎ་ཆེན་རིན་པོ་ཆེ་མཆོག་འཁོར་དང་བཅས་པ་ཕེབས་འབྱོར་གནང་སྐབས་སུ་དེ་གར་ཆོས་དུང་གི་སྒྲ་དབྱངས་ལྷང་ལྷང་དུ་གྲགས་ཤིང་། ལྷུན་གྲུབ་སྦྱིན་པ་སོགས་དགེ་འདུན་པ་ཚོ་སྔ་མོ་ནས་དགོན་པའི་མདུན་དུ་ཡོང་ནས་ཕེབས་བསུའི་མཛད་སྒོ་གཟབ་རྒྱས་ངང་གཉེར་ཡོད། དེ་རྗེས་ལག་ཏུ་བསང་ཕོར་དང་གདུགས་བསྣམས་པའི་དགེ་འདུན་པ་རྣམས་ཀྱི་སྣེ་ཁྲིད་འོག་ཏུ་པཎ་ཆེན་རིན་པོ་ཆེ་མཆོག་བཞུགས་ཁྲིའི་སྟེང་དུ་གསོལ་ནས། དགོན་སྡེའི་དགེ་འདུན་པ་ཚོར《ལམ་གཙོ་རྣམ་གསུམ》འཆད་ཁྲིད་གནང་བར་མ་ཟད། དད་ལྡན་མང་ཚོགས་ཚོར་ཕྱག་དབང་དང་སྦྱིན་པའང་བཏང་།
པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀའ་ཆོས་གནང་བཞིན་པ།
པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀའ་ཆོས་གནང་བཞིན་པ།
ཟླ11པའི་ཚེས23ཉིན། དགེ་འདུན་པ་རྣམས་ཀྱིས་རེ་སྒུག་ཁྲོད་དུ་པཎ་ཆེན་རིན་པོ་ཆེ་མཆོག་འཁོར་དང་བཅས་པ་པ་སྣམ་རྫོང་སྤོས་ཁང་དགོན་དུ་ཕེབས་ནས། མཆོད་མཇལ་དང་བཀའ་ཆོས་གནང་བ་མ་ཟད། དགེ་འདུན་པ་ཚོར་ཕྱག་དབང་ཡང་གནང་བ་རེད།
དགོན་སྡེའི་དགེ་འདུན་པ་བུ་ཆུང་ཟླ་ཡིས། “པཎ་ཆེན་རིན་པོ་ཆེ་མཆོག་སྤོས་ཁང་དགོན་དུ་དངོས་སུ་ཕེབས་འབྱོར་གནང་བ་ལ་དགོན་སྡེའི་དགེ་འདུན་པ་དང་ས་གནས་ཀྱི་དད་ལྡན་མང་ཚོགས་ཧ་ཅང་དགའ་པོ་བྱུང་ཡོད། དེ་རིང་ནི་བཀྲ་ཤིས་རྟེན་འབྲེལ་འཛོམས་པའི་ཉིན་མོ་ཞིག་ཀྱང་རེད། པཎ་ཆེན་རིན་པོ་ཆེ་མཆོག་གིས་སྐུ་ཚེགས་ལ་མ་འཛེམས་པར་ང་ཚོའི་དགོན་པར་ཕེབས་པས། ང་ཚོས་བོད་བརྒྱུད་ནང་བསྟན་གྱི་གུས་ལུགས་ཆེས་མཐོ་ཤོས་ཀྱི་ཐོག་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཕེབས་བསུ་ཞུས་པ་ཡིན། དེ་རིང་ང་ནི་གདུགས་ཕྱར་མཁན་ཡིན་པས་ཐག་ཉེ་ས་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ་མཇལ་རྒྱུ་བྱུང་བས་ང་ལ་གཟི་བརྗིད་དང་བཀྲ་ཤིས་པའི་ཚོར་སྣང་ཞིག་བྱུང་སོང”ཞེས་བརྗོད།
པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀའ་ཆོས་གནང་བཞིན་པ།
གྲངས་མེད་ཅན་དགོན་ནི་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་ནོར་ཁྱུང་གྲོང་ཚོར་གནས་ཡོད་ལ། དགོན་པ་འདི་ནི་དུས་རབས14པར་ཕྱག་བཏབ་པ་དང་སྔོན་ཆད་གྲུབ་མཐའ་ས་སྐྱ་པ་ཡིན་ཡང་ཕྱིས་སུ་དགེ་ལུགས་པའི་གྲུབ་མཐར་བསྒྱུར། ཟླ11པའི་ཚེས24ཉིན་པཎ་ཆེན་རིན་པོ་ཆེ་མཆོག་དགོན་འདིར་ཕེབས་ནས་བཀའ་ཆོས་གནང་བར་མ་ཟད། དགེ་འདུན་པ་ཚོར་ཕྱག་དབང་ཡང་གནང་བ་རེད།
གྲངས་མེད་ཅན་དགོན་གྱི་དགེ་འདུན་པ་བློ་བཟང་འཕགས་མཆོག་གིས། “ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་རོགས་རམ་འོག དགོན་པས་སྔ་རྗེས་སུ་དེ་སྔའི་གནས་ཡུལ་དུ་འདུ་ཁང་དང་བྱམས་ཁང་བསྐྱར་སྐྲུན་བྱས་པར་མ་ཟད། མིག་སྔར་དགོན་སྡེའི་དགེ་འདུན་པ་ཚོའི་ཐོས་བསམ་སློབ་གཉེར་དང་འཚོ་བ་ལ་འགན་ལེན་ཡོད་པ་དང་། དགོན་སྡེའི་ཆོས་ལུགས་བྱེད་སྒོ་ཁག་སྲོལ་རྒྱུན་གྱི་ཆོ་ག་བཞིན་རྒྱུན་གཏན་ལྟར་སྤེལ་བཞིན་ཡོད། དགེ་འདུན་པ་ཞིག་གི་ངོས་ནས་བརྗོད་ན་སྡོམ་ཁྲིམས་མཐའ་དག་མིག་འབྲས་བཞིན་སྲུང་ནས་དམ་པའི་ཆོས་ཀྱི་དགོངས་པ་དག་ལ་ཐོས་བསམ་སློབ་གཉེར་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རྒྱུན་འཆད་མེད་པར་སྐུལ་འདེད་བཏང་སྟེ། བོད་བརྒྱུད་ནང་བསྟན་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བརྗོད།
བློ་བཟང་འཕགས་མཆོག་གིས། དེ་རིང་ང་ཚོའི་རེ་བ་ལྟར་པཎ་ཆེན་རིན་པོ་ཆེ་མཆོག་ང་ཚོའི་དགོན་པར་ཕེབས་འབྱོར་བྱུང་བས་ཧ་ཅང་དགའ་པོ་བྱུང་ལ། པཎ་ཆེན་རིན་པོ་ཆེ་མཆོག་གིས་ད་དུང་དགོན་པའི་དགེ་འདུན་པ་ཚོར་བཀའ་ཆོས་ཀྱང་གནང་རྒྱུ་ཡིན་པས། དེས་ང་ཚོའི་དགེ་འདུན་པ་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་ཐོས་བསམ་སློབ་གཉེར་དང་སྒོམ་ཉམས་ལེན་བྱེད་པའི་ཐད་དུ་སྐུལ་མ་དང་བྱིན་རླབས་ཆེན་པོ་ཐོབ་བྱུང་ཞེས་བརྗོད།
དགེ་འདུན་པའི་འཐུས་མིས་པཎ་ཆེན་རིན་པོ་ཆེ་མཆོག་ལ་མནྜལ་འབུལ་བཞིན་པ།
ཤང་ཀང་ནས་ཕེབས་པའི་ཡུལ་སྐོར་བ་ཝང་ཅན་ཀྲི་ཡིས། “བོད་ལྗོངས་སུ་ཐེངས་མང་སླེབས་མྱོང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་གྲངས་མེད་ཅན་དགོན་ནས་བཀའ་ཆོས་གནང་བར་མཇལ་ཐུབ་པ་ནི་རྟེན་འབྲེལ་ཧ་ཅང་བཟང་པོ་ཞིག་རེད། ད་ཐེངས་བོད་ལྗོངས་ཀྱི་ཆོས་ལུགས་ཞི་མཐུན་འཕེལ་རྒྱས་ཀྱི་རྣམ་པ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་པཎ་ཆེན་རིན་པོ་ཆེ་མཆོག་ལ་དད་མོས་དང་གོང་བཀུར་ཞུ་བ་མཐོང་བྱུང་ལ། ཆོས་ལུགས་ཀྱི་དེད་དཔོན་ཁོང་གི་བླ་ན་མེད་པའི་དད་སེམས་དང་ཡིད་དབང་འཕྲོག་པའི་མི་གཤིས་ཀྱི་མཚར་སྡུག་ཀྱང་མཐོང་བྱུང”ཞེས་བརྗོད་བྱུང་།
པཎ་ཆེན་རིན་པོ་ཆེ་མཆོག་གིས་ཕྱག་དབང་གནང་བཞིན་པ།
པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀའ་ཆོས་གནང་བའི་རིང་ལ། གཞུང་ལམ་གྱི་ངོགས་གཉིས་སུ་གྲོང་ཚོ་ཁག་ནས་ཡོང་བའི་དད་ལྡན་མང་ཚོགས་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་ལག་ཏུ་དཀར་ཞིང་གཙང་བའི་མཇལ་དར་འཁྱེར་བཞིན་པཎ་ཆེན་རིན་པོ་ཆེ་མཆོག་ཕེབས་པར་སྒུག་ནས་བསྡད་ཡོད་ལ། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་སྐུ་ཚེགས་ལ་མ་འཛེམས་པར་ཁོང་ཚོ་རེ་རེ་བཞིན་ཕྱག་དབང་གནང་བ་དང་། སྐུ་པར་དང་མཇལ་མདུད་གནང་ནས། དད་ལྡན་མང་ཚོགས་ཚོའི་ཆོས་ལུགས་ཀྱི་དགོས་མཁོ་བསྐངས་པས། ཁོང་གི་ཕ་མཐའ་བྲལ་བའི་ཡོན་ཏན་དང་བླ་ན་མེད་པའི་བཟང་སྤྱོད། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་ཟིལ་ཤུགས་གང་ལེགས་སྒོས་མངོན་ཡོད་པས། རྒྱ་ཆེའི་དད་ལྡན་མང་ཚོགས་ཚོའི་དད་གུས་ཆེན་པོ་དང་ལྷག་བསམ་རྣམ་དག་གི་གོང་བཀུར་ཞུ་བཞིན་མཆིས།
པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཆེས་ཆེ་བའི་སྤྲུལ་སྐུ་ཞིག་ཡིན་ལ། ཁོང་ནི1990ལོའི་ཟླ2པའི་ཚེས13ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་སྐུ་འཁྲུངས་ཤིང་། 1995ལོའི་ཟླ11པའི་ཚེས29ཉིན་གསེར་བུམ་དཀྲུགས་འདོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་།
པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀའ་ཆོས་གནང་བཞིན་པ།
པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀའ་ཆོས་གནང་བཞིན་པ།
པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀའ་ཆོས་གནང་བཞིན་པ།
པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀའ་ཆོས་གནང་བཞིན་པ།
དགེ་འདུན་པའི་འཐུས་མིས་པཎ་ཆེན་རིན་པོ་ཆེ་མཆོག་ལ་མནྜལ་འབུལ་བཞིན་པ།
དགེ་འདུན་པའི་འཐུས་མིས་པཎ་ཆེན་རིན་པོ་ཆེ་མཆོག་ལ་མནྜལ་འབུལ་བཞིན་པ།
གྲྭ་བཙུན་ཚོས་པཎ་ཆེན་རིན་པོ་ཆེ་མཆོག་ལ་མནྜལ་འབུལ་བཞིན་པ།
དགེ་འདུན་པ་ཚོས་ཆོས་འདོན་བཞིན་པ།
དགེ་འདུན་པ་ཚོས་ཆོས་འདོན་བཞིན་པ།
པཎ་ཆེན་རིན་པོ་ཆེ་མཆོག་དང་གྲངས་མེད་ཅན་དགོན་གྱི་དགེ་འདུན་པ་ཚོ་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།
རྩོམ་སྒྲིག་པ། དཔལ་གཡང་།