ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཧེང་ལི·ཅི་ཤིན་ཀེ་སྐུ་གཤེགས་པ།

སྤེལ་དུས 2023-12-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཟླ11པའི་ཚེས29ཉིན། ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཧེང་ལི·ཅི་ཤིན་ཀེ་ཁང་ཉེ་ཏི་ཀེ་ཁུལ་གྱི་ཁྱིམ་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ100ཡིན། ཅི་ཤིན་ཀེས་ཨ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་བརྩེ་ཟབ་ཏུ་གཏོང་ཆེད་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད།
             ཅི་ཤིན་ཀེ་ནི1923ལོར་འཇར་མན་ལྷོ་ཕྱོགས་སུ་སྐྱེས། 1938ལོར་ཁོང་དང་ནང་མི་ཚོ་ན་ཙིའི་འཇར་མན་ནས་ཨ་རིར་གཞིས་ཆགས་ཏེ1943ལོར་ཨ་རིའི་རྒྱལ་ཁོངས་སུ་ཞུགས། ཅི་ཤིན་ཀེས་ཨ་རིའི་དམག་དཔུང་དུ་ཞབས་ཞུ་མྱོང་ཞིང་། ཧ་ཧྥུ་སློབ་ཆེན་དུ་སྔ་རྗེས་སུ་རབ་འབྱམས་པ་དང་འབུམ་རམས་པའི་སློབ་གནས་ཐོབ་པ་དང་། སློབ་གྲྭ་ཐོན་རྗེས་སློབ་གྲྭ་དེའི་དགེ་རྒན་བྱེད་མྱོང་ཡོད།
2023ལོའི་ཟླ10པའི་ཚེས24ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཧེང་ལི·ཅི་ཤིན་ཀེ་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་གྱི་བྱ་དགའ་སྤྲོད་པའི་དགོང་ཚོགས་ལ་ཞུགས་པ།
             1969ལོར། ཙུང་ཐུང་ཉི་ཁེ་སུང་གིས་ཅི་ཤིན་ཀེ་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ལ་བསྐོས། 1973ལོ་ནས1977ལོའི་བར་ཁོང་གིས་སྔ་རྗེས་སུ་ཙུང་ཐུང་ཉི་ཁེ་སུང་དང་ཧྥུ་ཐེ་གཉིས་ཀྱི་རིང་རྒྱན་དོན་བློན་ཆེན་གྱི་འགན་བཞེས་ཤིང་། ཚེས29ཉིན། ཅི་ཤིན་ཀེའི་བློ་འདྲི་ཀུང་སིས་གསལ་བསྒྲགས་སྤེལ་བར་གཞིགས་ན། ཅི་ཤིན་ཀེས་ཨ་ཀྲུང་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་དབུས་ཤར་ས་ཁུལ་གྱི་དམག་འཁྲུག་ཐེངས་བཞི་པ་མཇུག་འགྲིལ་རྒྱུའི་གྲོས་མོལ་དང་དེ་བཞིན་ཨ་རིར་ཝེ་ཐེ་ནམ་གྱི་དམག་འཁྲུག་མཇུག་འགྲིལ་རོགས་བྱས་པ་སོགས་ཀྱི་བརྒྱུད་རིམ་ནང་འགག་རྩའི་ནུས་པ་བཏོན་པ་མ་ཟད། ཨ་རི་དང་སུའུ་ལེན་གྱི་འཐབ་ཇུས་གོ་མཚོན་ཚོད་འཛིན་ཐད་ཀྱི་གྲོས་མོལ་ལ་གཞོལ་ཡོད་ཅེས་བཤད།
             1971ལོར་སྐབས་དེ་དུས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཡིན་པའི་ཅི་ཤིན་ཀེས་ཙུང་ཐུང་གི་དམིགས་བསལ་ཕོ་ཉ་བྱས་ཏེ་གསང་བའི་ཐོག་ནས་ཀྲུང་གོར་འཚམས་འདྲི་གནང་ནས་ཀྲུང་གོ་ཕྱོགས་དང་ལག་གདང་དཔུང་སྒྲིལ་གྱིས1972ལོར་ཙུང་ཐུང་ཉི་ཁེ་སུང་གིས་ཀྲུང་གོར“འཁྱག་གཏོར་ཡུལ་སྐོར”བྱས་ཏེ། འཛམ་གླིང་ལ་གཡོ་འགུལ་ཐེབས་པའི“ཞི་བདེ་རྒྱ་མཚོ་སྒྲོལ་བའི་ཕྱག་འཇུག”མངོན་འགྱུར་བྱུང་སྟེ་ཨ་ཀྲུང་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་རྒྱུར་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད།
             ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་ཀྲུང་ཨའི་འབྲེལ་བའི་སྒོ་མོ་འབྱེད་མཁན་གྱི་སྐུལ་འདེད་པ་ཡིན་པའི་ཅི་ཤིན་ཀེས་སྐུ་ཚེ་ཧྲིལ་པོར་ཀྲུང་གོར་འཚམས་འདྲི་ཐེངས་བརྒྱ་ལྷག་ཙམ་གནང་བ་རེད། ད་ལོའི་ཟླ7ནི་ཁོང་ཀྲུང་གོའི་ས་གཞི་ཆེ་མོར་བསྐྱོད་ཐེངས་མཐའ་མ་ཡིན། ཨ་ཀྲུང་འབྲེལ་བའི“འཁྱགས་གཏོར”རྗེས་ཀྱི་ལོ50ལྷག་ཙམ་ནང་ཁོང་གིས་སྐབས་རིམ་བྱུང་གི་ཨ་རིའི་སྲིད་གཞུང་གིས་ཀྲུང་གོར་འཛིན་པའི་སྲིད་ཇུས་ལག་ལེན་ཧུར་ཐག་བསྟར་རྒྱུར་སྐུལ་འདེད་བཏང་སྟེ་ཨ་ཀྲུང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཅི་ཤིན་ཀེའི་ཕྱི་འབྲེལ་དོན་གཉེར་ཁྲོད་ཀྱི་ངོ་མཚར་ཆེ་ཤོས་ཀྱི་ལེའུ་ཞིག་ཏུ་གྱུར་ཡོད།
             ད་ལོའི་ཟླ10པའི་ཚེས24ཉིན། ཅི་ཤིན་ཀེས་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་བྱ་དགའ་སྤྲོད་པའི་ཤིས་ཚིག་བརྗོད་སྐབས། “ངས་མི་ཚེ་ཕྱེད་ཀ་ལྷག་ཙམ་ནང་ཨ་ཀྲུང་འབྲེལ་བའི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད”ཅེས་བཤད་པ་དེ་ནི་ཨ་ཀྲུང་དབར་གྱི་ཞི་བདེ་དང་མཉམ་ལས་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་གི་ཁེ་ཕན་དང་མཐུན་ཡོད། 
             ཅི་ཤིན་ཀེས《ཉིང་རྡུལ་མཚོན་ཆ་དང་ཕྱི་ཕྱོགས་སྲིད་ཇུས》དང་། 《ཕོ་བྲང་དཀར་པོའི་ལོ་ཟླ》《ཟང་ཟིང་གི་ལོ་རབས》《ཀྲུང་གོའི་སྐོར་གླེང་བ》སོགས་རྒྱལ་སྤྱིའི་འབྲེལ་བ་དང་རྒྱལ་སྤྱིའི་ཆབ་སྲིད་སྐོར་གྱི་དཔེ་དེབ་བརྩམས་ཡོད། ཁོང་གིས་རྟག་ཏུ་ཨ་རིའི་ཏང་གཉིས་ཀྱི་ཙུང་ཐུང་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་བློ་འདྲི་དང་ལེན་བྱེད་ཀྱི་ཡོད།
2019ལོའི་ཟླ11པའི་ཚེས21ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཧེང་ལི·ཅི་ཤིན་ཀེས་པེ་ཅིང་དུ་འཚོགས་པའི་གསར་གཏོད་དཔལ་འབྱོར་གླེང་སྟེགས་ཐོག་གཏམ་བཤད་སྤེལ་བ། 
2001ལོའི་ཟླ3པའི་ཚེས18ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཧེང་ལི·ཅི་ཤིན་ཀེས་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་ཀྲུང་ཨའི“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བྱས་ནས་ལོ30འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག་ཕིང་ཕང་སྤོ་ལོ་རྩེད་བཞིན་པ། 
2009ལོའི་ཟླ4པའི་ཚེས30ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཧེང་ལི·ཅི་ཤིན་ཀེས་མི་བརྒྱའི་ཚོགས་འདུ་སྐབས་བཅོ་བརྒྱད་པའི་ལོ་ཚོགས་ཐོག་གཏམ་བཤད་སྤེལ་བ།

རྩོམ་སྒྲིག་པ། དཔལ་གཡང་།