ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི430བསྐྲུན་པ།

སྤེལ་དུས 2023-12-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཚེས1ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་བོད་ལྗོངས་སུ་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི430བསྐྲུན་པ་དེས་རྨོ་ཞིང་གི་སྤྱིའི་རྒྱ་ཁྱོན་གྱི65%ཙམ་བཟུང་ཡོད།
             ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་རྨོ་ཞིང་སྒྱུར་བཀོད་ཀྱི་ལག་ལེན་ཧུར་ཐག་བསྟར་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱས་པ་བརྒྱུད་ཞིང་ཁའི་ཆུ་བེད་དང་ཞིང་ནང་འགྲོ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་སྟེ། རྨོ་ཞིང་གི་སྤུས་ཚད་དང་འབྲུ་རིགས་ཐོན་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་བ་དང་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི2022ལོའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་འགན་མུའུ་ཁྲི75ཟིན་ནས་རིམ་རྩིས་བྱས་ན་མུའུ་ཁྲི74.84ལེགས་གྲུབ་བྱས་པ་དང་ལེགས་གྲུབ་བྱུང་ཚད99.8%ཟིན། 2023ལོའི་རྣམ་གྲངས་ལས་འགན་མུའུ་ཁྲི60ཟིན་པ་དང་། མུའུ་ཁྲི41.44འཛུགས་སྐྲུན་བྱས་པ་དེའི་ནང་མུའུ་ཁྲི18.03གསར་སྐྲུན་བྱས་པ་དང་མུའུ་ཁྲི23.41སྒྱུར་བཀོད་རིམ་སྤོར་བྱས་པ་རེད།
             ངོ་སྤྲོད་བྱས་པར་གཞིགས་ན། ས་བབ་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་བོད་ལྗོངས་ཀྱི་རྨོ་ཞིང་ཐར་ཐོར་དང་གཟར་ཚད་ཆེ་བས་འཛུགས་སྐྲུན་གྱི་མ་འཇོག་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་མུའུ་རེར་ཆ་སྙོམས་མ་འཇོག་སྒོར2000ཙམ་བྱེད་ཀྱི་ཡོད།
             བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་གྱིས་ཞིང་ལས་ཀྱི་སྣ་ཁ་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་བེད་སྤྱོད་མགྱོགས་སུ་གཏོང་བ་དང་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་མཐོ་རུ་བཏང་བ་མ་ཟད། ཞིང་ནང་གི་ཆུ་འདྲེན་ཆ་རྐྱེན་ལེགས་སུ་བཏང་བ་བརྒྱུད་རྨོ་ཞིང་སྤུས་ཚད་ཀྱི་ཆ་སྙོམས་རིམ་པ་རིམ་བཞིན་མཐོ་རུ་ཕྱིན་ནས་འབྲུ་རིགས་ཀྱི་ཐོན་ཚད་མཐོ་རུ་ཕྱིན་ཡོད་ཅེས་བཤད།

རྩོམ་སྒྲིག་པ། དཔལ་གཡང་།