ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བ།

སྤེལ་དུས 2023-12-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ས་གནས་དེ་གའི་དུས་ཚོད་ཟླ12པའི་ཚེས8ཉིན། ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཐོག་ཏུ་དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)ལས་ཅ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཕྲལ་མར་འཇོག་དགོས་པའི་གྲོས་ཆོད་ལ་ངོ་རྒོལ་གྱི་འདེམ་ཤོག་འཕངས་པས། གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་མ་ཐུབ་པ་རེད།
            ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི15ཡི་ཁྲོད་ནས13ལ་མོས་མཐུན་ཡོད་ནའང་། དེ་འཕྲོས་ཀྱི་འདེམས་ཤོག་གཉིས་ལས། དབྱིན་ཇིས་འདེམས་དབང་དོར་བ་དང་། ཨ་རིས་ངོ་རྒོལ་བྱེད་པའི་འདེམས་ཤོག་འཕངས་པ་རེད། དེ་ཡང་ཨ་མེ་རི་ཁ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཅིག་ཡིན་པས། འདེམ་ཤོག་གཅིག་གིས་ཆོད་དོན་ཁྲ་སློག་པའི་དབང་ཆ་ཡོད་པར་བརྟེན། གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་མ་ཐུབ་པ་རེད།
            གྲོས་ཆོད་འཆར་ཟིན་དེ་ཐུང་ཐུང་ཞིག་ལས་མེད་པས། མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཇོག་པ་དང་རྒྱལ་སྤྱིའི་བཅའ་ཁྲིམས་སོགས་ཀྱི་གཏན་འབེབས་བྱས་པའི་འོས་འགན་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་མ་ཟད། ཆ་རྐྱེན་གང་ཡང་མི་དགོས་པར་འཕྲལ་མར་མི་གློད་འགྲོལ་བཏང་ནས། མི་ཆོས་ཀྱི་ཐོངས་མཆན་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

                   ས་གནས་དེ་གའི་དུས་ཚོད་ཟླ12པའི་ཚེས2ཉིན། ཅ་ཧྲ་ཡི་ལྷོ་རྒྱུད་ཀྱི་ཧན་ཡིའུ་ཉི་སིHamadགྲོང་མིའི་སྡོད་ཁུལ་དུ་གནས་བཅའ་བཞིན་པའི་མང་ཚོགས་བྲོས་བྱོལ་དུ་འགྲོ་བཞིན་པ། 
 ཕ་ལེ་སི་ཐན་གྱི་ཙུང་ལིས་ཨ་རིའི“གཡོ་ཟོལ”ལ་རྒོལ་གཏམ་བཏང་བ།
            ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བར(CNN)གནས་ཚུལ་སྤེལ་བར་གཞིགས་ན། ཚེས8ཉིན། ཕ་ལེ་སི་ཐན་གྱི་ཙུང་ལི་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་རྒྱལ་ཁབ་ཀྱི་འཐུས་མིས་ཨ་རིས་གྲོས་ཆོད་འཆར་ཟིན་དེ་ཁས་མ་བླངས་པར་རྒོལ་གཏམ་བཏང་བ་དང་། ཕ་ཁི་སི་ཐན་གྱི་ཙུང་ལི་ཨ་ཧྲེ་ཐི་ཡེ་ཡིས“ཁྲ་སློག་གི་དབང་ཆ་སྤྱད་པ་དེས་མི་སེར་གྱི་ཚེ་སྲོག་ལ་དོ་ཁུར་བྱེད་ཚུལ་གྱི་གཡོ་ཟོལ་དམར་རྗེན་དུ་བཏོན་པ་རེད”ཅེས་ཁ་རྡུང་བཏང་ཡོད།
           གནས་ཚུལ་སྤེལ་བར་གཞིགས་ན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཕ་ལེ་སི་ཐན་གྱི་འཐུས་མི་མན་སུར་ན་རེ། དེ་ནི“སེམས་སྐྱོ་དགོས་པའི་ཉིན་མོ་ཞིག་རེད”ཅེས་བརྗོད་པ་དང་། ཁོང་གིས་ནམ་ཞིག“དོན་དངོས་མཐོང་མི་ཐུབ་པའི་མི་དེ་དག”གིས“གོ་ལ་ཧྲིལ་པོའི་ཡུལ་གྲུ་ཁག་ནས་ཡོང་བ་དང་མི་དམངས་དུང་ཕྱུར་བཅུ་གྲངས་ཀྱི་དམག་མཚམས་འཇོག་དགོས་རྒྱུའི་རེ་འདོད་ཆེན་པོར”འདོད་ཚུལ་འཛིན་སྲིད་ཅེས་བཤད།
           ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཁེར་རྐྱང་གི་ལངས་ཕྱོགས་ལས། དབྱི་སི་རལ་གྱིས་ཅ་ཧྲ་ལ་ཟླ་ཁ་ཤས་རིང་འབར་མདེལ་དབྱུགས་པའི་རྐྱེན་གྱིས། ཝ་ཧྲིང་ཐོན་དང་དེ་བཞིན་འབྲེལ་བ་ཆེས་ཟབ་པའི་མཛའ་གྲོགས་དབར་གྱི་འགལ་རྐྱེན་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་མངོན་ཡོད། ཧྥ་རན་སེ་དང་འཇར་པན་ནི་དམག་མཚམས་འཇོག་རྒྱུར་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཀྱི་གྲས་ཤིག་རེད།
 མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བ།

          ཁ་ཐར་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་གཉིས་ལྷག་ཙམ་གྱི་རིང་ལ་ཅ་ཧྲ་ས་ཁུལ་དུ་མི་ཁྲི1.7ལྷག་ཙམ་རྐྱེན་ལམ་དུ་ཤོར་ཞིང་། གཞན་ཡང་མི་ཁྲི4.6ལ་རྨས་སྐྱོན་ཕོག་ཡོད་པ་དང་། ས་གནས་དེ་གའི་གྲོང་མིའི་སྡོད་ཁུལ་དང་། སྒྲིག་བཀོད་གལ་ཆེན། སྨན་ཁང་བཅས་ཚང་མར་གཞི་ཁྱོན་ཆེ་བའི་གཏོར་སྐྱོན་ཕོག་ཡོད། 

                ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས18ཉིན། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་ཅ་ཧྲ་རྒྱུད་ཀྱི་ཧན་ཡིའུ་ཉི་སིར་འབར་མདེལ་དབྱུགས་རྗེས། མི་རྣམས་ཀྱིས་གཏོར་སྐྱོན་ཕོག་པའི་གྱང་རོར་ཞིབ་བཤེར་བྱེད་པ་དང་ཞི་བདེའི་ཕོ་ཉ་ཕུག་རོན་དཀར་པོ་དག་རྫ་ལེབ་ཀྱི་སྟེང་དུ་བབས་ཡོད་པ།
            ད་དུང་གནས་ཚུལ་སྤེལ་བར་གཞིགས་ན། ཅ་ཧྲ་ས་ཁུལ་དུ་བཟའ་བཅའ་དང་། འཐུང་ཆུ། བུད་ཤིང་། སྨན་རྫས་སོགས་སྐྱ་ཟད་སྔོ་སྡུག་ཏུ་གྱུར་བའི་དཀའ་ངལ་ལ་འཕྲད་ཡོད། འཇབ་རྒོལ་ཕོག་པས་ས་ཁུལ་གྱི་སྡོད་ཁང་ཕྱེད་ཀ་ཙམ་ལ་གཏོར་སྐྱོན་ཕོག་ནས་མི་ཁྲི190(ས་ཁུལ་དེ་གའི་མི་འབོར་བསྡོམས་འབོར་གྱི85%བཟུང་བ)ཡུལ་གྱར་དུ་སོང་ཡོད།
            ཉིན་ཤས་ཀྱི་གོང་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དོན་ཚན99པའི་གཏན་འབེབས་ལ་གཞིགས་ནས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིར་འཕྲིན་ཡིག་སྤྲིངས་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་བྱ་སྤྱོད་སྤེལ་ཏེ་ཅ་ཧྲ་ཡི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་མི་བྱུང་བར་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་དོན་ཚན་དེ་དྲངས་པ་ཤིན་ཏུ་ཉུང་། ཀུ་ཐེ་ལེ་སིའི་བྱེད་སྟངས་དེ་ཐོག་ནས་ཅ་ཧྲ་ཡི་མི་ཆོས་ཉམས་ཉེན་གྱི་ཚབས་ཇེ་ཆེར་ཕྱིན་པ་མངོན་ཡོད།
            ཀུ་ཐེ་ལེ་སིས་འཕྲིན་ཡིག་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་རྐྱེན་ཚང་མ་སྤྱད་དེ་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་སྔར་བས་ཆེ་རུ་མི་འགྲོ་བ་བྱ་རྒྱུའི་འགན་འཁྲི་ཡོད་ཅེས་བཤད། ཁོང་གིས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་བྱ་སྤྱོད་སྤེལ་ནས་ཅ་ཧྲ་ཡི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་མི་ཐོན་པ་བྱེད་དགོས་པ་མ་ཟད། མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཇོག་དགོས་པའི་འབོད་སྐུལ་ཡང་བྱས་ཡོད།
            དབྱི་སི་རལ་དང་ཧ་མ་སིའི་དབར་ཉིན་ཤས་རིང་གནས་སྐབས་དམག་མཚམས་འཇོག་རྒྱུ་རྒྱུན་འཁྱོངས་བྱས་པ་ཟླ12པའི་ཚེས1ཉིན་མཇུག་འགྲིལ་རྒྱུ་དང་། དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་དམག་དོན་བྱ་སྤྱོད་སླར་གསོ་བྱས་ཡོད།

རྩོམ་སྒྲིག་པ། མང་ག་མཚོ།