ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་ཟློས་གར《ཚེ་རིང་ལྷ་མོ》ཞེས་པར་སྐབས་དགུ་པའི་ཀྲུང་གོའི་ཟློས་གར་བྱ་དགའ་སྟེ། ཚའོ་ཡུས་འཁྲབ་གཞུང་གི་བྱ་དགའི(སྐབས་ཉེར་ལྔའི་ཚའོ་ཡུས་ཟློས་གར་རྩོམ་རིག་བྱ་དགའ)ཁྲོད་མིང་འདོན་བྱ་དགའ་ཐོག་མར་ཐོབ་པ་རེད། ཉིན་ཤས་གོང་། བོད་ཀྱི་ཟློས་གར《ཚེ་རིང་ལྷ་མོ》ཞེས་པ་ཀྲུང་གོའི་ཟློས་གར་དུས་ཆེན་སྐབས་བཅོ་བརྒྱད་པའི་འགྲེམས་འཁྲབ་འཁྲབ་ཚན་དུ་སླར་ཡང་ཚུད་པ་དང་། ཆེད་མཁས་པ་དང་ལྟད་མོ་བ་ཚོའི་གདེང་འཇོག་བཟང་པོ་ཐོབ་པ་མ་ཟད། འཁྲབ་ཚན་ཕུལ་བྱུང་གི་བྱ་དགའ་ཡང་ཐོབ་པ་རེད།
འཁྲབ་སྟོན་པའི་མཉམ་པར།
བོད་ཀྱི་ཟློས་གར《ཚེ་རིང་ལྷ་མོ》ཞེས་པར་ཀྲུང་གོའི་ཟློས་གར་དུས་ཆེན་སྐབས་བཅོ་བརྒྱད་པའི་འཁྲབ་ཚན་ཕུལ་བྱུང་གི་བྱ་དགའ་ཐོབ་པ།
བོད་ཀྱི་དངོས་མཚོན་ཟློས་གར《ཚེ་རིང་ལྷ་མོ》ཞེས་པར་སྔོན་འགྲོའི་འཁྲབ་ཚན་དང་། ཕ་མ་བུ་ཕྲུག་ཞལ་གྱེས་པ། སྨག་རུམ་མུན་ནག ས་མཐོའི་སྐྱ་རེངས། དམངས་གཙོའི་བཅོས་སྒྱུར། ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ། མཇུག་འགྲིལ་ལེ་ཚན་བཅས་ཁག་བདུན་ལས་གྲུབ་ཡོད། བོད་ལྗོངས་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱའི་མིག་དཔེ་དང་འཐུས་མི་ཚེ་རིང་ལྷ་མོས་གུང་ཁྲན་ཏང་དང་བཅིངས་འགྲོལ་དམག་གི་འགོ་ཁྲིད་འོག གྲོང་མི་ཚོའི་སྣེ་ཁྲིད་དེ་རོགས་རེས་ཚོགས་ཆུང་བཙུགས་ནས་རང་སྟོབས་རང་སྤེལ་གྱིས་ཞིང་ལས་ཐོན་སྐྱེད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་སྐྱོད་པའི་གཏམ་རྒྱུད་བརྗོད་ཡོད།
《ཚེ་རིང་ལྷ་མོ》ཞེས་པའི་འཁྲབ་ཚན་གྱི་པར་གཞི།
ཤེས་རྟོགས་བྱུང་བར་གཞིགས་ན། འཁྲབ་ཚན་ལ་ད་དུང“2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་རིག་རྩལ་གསར་གཏོད་རོགས་སྐྱོར་རྣམ་གྲངས”དང་། “རིག་གནས་དང་ཡུལ་སྐོར་པུའུ”ཡི་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བའི་གར་སྟེགས་སྒྱུ་རྩལ་གསར་རྩོམ་འདུ་འགོད”ཀྱི་གཙོ་གནད་རོགས་སྐྱོར་བརྩམས་ཆོས་མཚན་ཐོ(ལོ་བརྒྱའི་བརྩམས་ཆོས་བརྒྱ)“རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་རྒྱལ་ཡོངས་དབུལ་བྲལ་འགག་སྒྲོལ་གར་སྟེགས་སྒྱུ་རྩལ་གྱི་ཟློས་གར་ཕུལ་བྱུང”“བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི‘ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས’ཀྱི་བརྗོད་དོན་གཙོ་བོའི་རིག་རྩལ་བརྩམས་ཆོས་ཕུལ་བྱུང”དང“རིག་གནས་ཡུལ་སྐོར་པུའུ་ཡི་ནུབ་རྒྱུད་དང་དེ་བཞིན་གྲངས་ཉུང་མི་རིགས་ས་ཁུལ་གྱི་གསར་རྩོམ་ཟློས་གར་རྣམ་གྲངས་ཀྱི་ཆེད་མཁས་པའི་རོགས་སྐྱོར་རྣམ་གྲངས”སོགས་སྔ་རྗེས་སུ་ཐོབ་ཡོད།
ཀྲུང་གོའི་ཟློས་གར་དུས་ཆེན་ནི་རྒྱལ་ཡོངས་ཟློས་གར་ལས་རིགས་ཀྱིས་ཟློས་གར་ཕུལ་བྱུང་གསར་རྩོམ་དང་གྲུབ་འབྲས་འགྲེམས་སྟོན་གྱི་སྟེགས་བུ་གལ་ཆེན་ཞིག་རེད། 1988ལོར་བཙུགས་པ་དང་མང་ཚོགས་རང་བཞིན་དང་དམངས་ཁྲོད་རང་བཞིན་མངོན་གསལ་དོད་ལ་ལོ་གཉིས་རེར་ཐེངས་རེ་གཉེར་གྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་ཟློས་གར་དུས་ཆེན་སྐབས་བཅོ་བརྒྱད་པ་དེ2023ལོའི་ཟླ11པའི་ཚེས8ནས་ཚེས27ཉིན་བར་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་གཉེར་བ་དང་། ཞིང་ཆེན་དང་། ཐད་གཏོགས་གྲོང་ཁྱེར། རང་སྐྱོང་ལྗོངས23ནས་ཡོང་བའི་འཁྲབ་ཚན34དང་ཆེད་མངགས་གདན་ཞུའི་འཁྲབ་ཚན1བཅས་ཡོད་ལ། དེར་ཅིན་ཅུས་ཟློས་གར་དང་། ཆིན་ཆང་ཟློས་གར། ཡུའེ་ཅུས་ཟློས་གར། ཧོང་མའེ་ཟློས་གར་སོགས་ཟློས་གར་རིགས15དང་དེ་བཞིན་གཏམ་བརྗོད་ཟློས་གར་དང་། རོལ་དབྱངས་ཟློས་གར། བྱིས་པའི་ཟློས་གར། པ་ལིའི་ཞབས་བྲོའི་ཟློས་གར་སོགས་ཟློས་གར་སྒྱུ་རྩལ་གྱི་སྣ་ཁ་འཛོམས་ཡོད། དེ་དང་ཆབས་ཅིག་ད་དུང་འཁྲབ་སྟོན་འཁྲབ་ཚན12ཀྲེ་ཅང་དབུན་ཀྲོའུ་རུ་འཁྲབ་སྟོན་བྱས་པ་རེད། རྣམ་པ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་ཡོད་ལ། ཀྲུང་གོའི་སྐད་སྒྲ་བརྒྱུད་སྤེལ་ཡག་པོ་བྱས་ཡོད།
རྩོམ་སྒྲིག་པ། མང་ག་མཚོ།