ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོ་ཚུན་བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་བཟང་པོར་འཛུགས་གཏོད་བྱ་རྒྱུ། སྤྱི་འདོམས་དུ་བཟུང་ནས་ཞིབ་ཚགས་གཅིག་གྱུར་དང་གནད་འཁེལ་ཤུགས་འདོན་བྱས་ཏེ། བོད་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཐད་དུ་ཁྱོན་ཡོངས་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། 2023ལོར་བོད་ལྗོངས་སུ་གཞིས་རྩེ་དང་ནག་ཆུ་གྲོང་ཁྱེར་དང་། སྟེང་ཆེན་དང་ལྷ་རི་རྫོང་སོགས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ4མང་དུ་བཏང་བ་དང་། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་གསར་འཛུགས་བྱེད་ཚད100%ཡི་དམིགས་ཚད་སྔ་ཙམ་གྱིས་མངོན་འགྱུར་བྱུང་སྟེ། བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་ས་ཁོངས་ཧྲིལ་པོའི་ཚད་གཞི་ལོན་པའི་ཞིང་ཆེན་གཅིག་པུ་ཡིན།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་ཀྱི་རིང་ལ། བོད་ལྗོངས་ཀྱིས་འབག་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་གྱི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་བདུན་ཡག་པོ་བརྒྱབ་ཅིང་། འཕྲུལ་སྒུལ་འཁོར་རིགས་ཀྱི་རྒྱལ་ཁབ་རིམ་པ་དྲུག་པའི་བཙོག་འབུད་ཚད་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཁབ་རིམ་པ་གསུམ་པ་དང་དེའི་མན་གྱི་བཙོག་འབུད་ཚད་གཞིའི་རླངས་འཁོར་གཞི་རྩའི་ཆ་ནས་མེད་པར་བཟོས་པ་དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་ལ་ལྟ་སྐུལ་དོ་དམ་བྱེད་པའི་རིམ་གསུམ་དྲ་སྦྲེལ་ལས་སྟེགས་བཙུགས་ནས་བེད་སྤྱོད་བྱས་པ་དང་། བོད་ལྗོངས་ཡོངས་སུ་རླངས་འཁོར་རྙིང་པ་སྣ་ཚོགས་ཁྲི19.3མེད་པ་བཟོས་པ། ནུས་རྒྱུ་གསར་པའི་རླངས་འཁོར5225བེད་སྤྱོད་ཁྱབ་གདལ་བཏང་བ། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར757ཁྱབ་གདལ་བཏང་བ། གཙོ་གནད་འབབ་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་འཐུང་ཆུའི་ཆུ་འགོ་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རིམ་རྩིས་བྱས་ན་གཙང་པོའི་ནང་གི་བཙོག་འབུད་དོང་ཁ628བཅོས་སྒྲིག་བྱས་པ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ259གཏན་འཁེལ་བྱས་པ། ཆུ་འགོའི་ཁུལ་སྲུང་སྐྱོབ་འདུ་འགོད35ལག་བསྟར་བྱས་པ། བོད་ལྗོངས་ཡོངས་ཀྱི་གཙང་པོ་དང་། ཆུ་བོ། མཚེའུ་བཅས་གཙོ་བོའི་ཆུ་སྤུས100%ཟིན་པའམ་དེ་ལས་ལེགས་པ་ཡོད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུ་སྤུས100%ཟིན་པ། ས་ཆ491གི་ས་རྒྱུའི་སྦགས་བཙོག་གནས་ཚུལ་ལ་བརྟག་དཔྱད་བྱས་པ། ཁག་གསར་པའི་སྲིད་འཛིན་གྲོང་ཚོ109ཡི་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་བྱས་པ། གཙོ་གནད་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་བདེ་འཇགས་ངང་སྤྱོད་ཚད100%བསྟུད་མར་རྒྱུན་འཁྱོངས་ཐུབ་པ། སྦགས་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་ཚད92%ཡན་མཐོ་རུ་ཕྱིན་པ་བཅས་བྱུང་ཡོད་པ་རེད།
གཞན་ཡང་བོད་ལྗོངས་ཀྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དག་ཐེར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གྱོད་གཞི1115ཐག་གཅོད་བྱས་ཡོད་ལ། དུས་མཚམས་རང་བཞིན་གྱི་ཐག་གཅོད་བྱེད་ཚད100%ཟིན་པ་དང་། དག་ཐེར་ལས་འགན་ཁག43དང་བཅོས་སྒྲིག་བྱ་ཐབས་ཁག180གོ་རིམ་ལྡན་པའི་ངང་བཅོས་སྒྲིག་བྱས་པ། ཉེན་ཆེའི་ཟོག་རོའི་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་དང་གཙོ་གནད་བཙོག་འབུད་ཚན་པས་རང་འགུལ་ངང་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་ཀྱི་མི་བདེན་རྫུན་སྒྲིག་གི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ་དང་། ཁོར་ཡུག་གི་ཁྲིམས་འགལ་གྱོད་གཞི་ཁག71ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱས་པ། དངུལ་ཆད་སྒོར་ཁྲི1156.51བཏང་བ། ཁྲིམས་འགལ་གྱོད་གཞི་ཆུང་གྲས5ལ་ཆད་པ་མ་བཅད་པ་དང་དངུལ་ཆད་སྒོར་ཁྲི111ཆག་ཡང་བཏང་བ་བཅས་རེད།
ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་བོད་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། གཞུང་དྲང་གསར་གཏོད་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཚུགས་གནས་དེ་བས་མཐོ་བ་དང་། མཐོང་རྒྱ་དེ་བས་ཡངས་པ། ནུས་ཤུགས་དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་དོན་འཁྱོལ་ཐུབ་པ་བྱ་རྒྱུ་རེད།
རྩོམ་སྒྲིག་པ། མང་ག་མཚོ།