ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཆབ་མདོ་ནས་ཁྲེང་ཏུའུ་རུ་ཡོང་བའི་འབྲོག་པ་ཞིག་གི་ལས་གཏོད་གཏམ་རྒྱུད།

སྤེལ་དུས 2024-02-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

              སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་སུ་ཚོང་དུད་མང་པོ་ཡོད་ལ་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁྲོམ་གཞུང་ཞིག་ཡོད་པ་དེར་བོད་རིགས་ཚོང་དུད་མི་ཉུང་བ་ཞིག་བཅའ་སྡོད་བྱས་ཡོད། བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ་དེ་གའི་ཚོང་གང་འདྲ་ཡོད་དམ།  
            སྐུ་མགྲོན་ཁ་ཤས་ཀྱིས་དེབ་དམར་ཆུང་ཆུང་ཞེས་པའི་སྤྱི་རྟགས་ཐོག་ཁ་བཏགས་བོད་ཟས་ལ་བོད་རྒྱ་མི་རིགས་གཉིས་ཀས་ཁས་ལེན་བྱེད་ཀྱི་ཡོད་ཅེས་ལན་བཞག་ཡོད། དེས་ན་ང་ཚོ་མཉམ་དུ་ཁ་བཏགས་བོད་ཟས་ཞེས་པ་དེ་ཡང་སྙིང་གང་འདྲ་ཡོད་མེད་ཅིག་བལྟ་བར་འགྲོ།

             བསམ་ཡུལ་ལས་འདས་པ་ཞིག་ལ་ཁ་བཏགས་བོད་ཟས་ཀྱི་སྦྱིན་བདག་ཀརྨ་ཚེ་རིང་ལོ་ཧ་ཅང་ཆུང་ཡང་ཁྲེང་ཏུའུ་རུ་འཚོ་བ་བསྐྱལ་ནས་ལོ14སོང་ཡོད་ལ། “སི་ཁྲོན་གྱི་ཡུལ་སྐད”ཆུ་རྒྱུག་རྒྱུག་གིས་ཤོད་ཤེས།

འདི་ནི་ཀརྨ་ཚེ་རིང(གཡོན)དང་ལས་མི་ཚོས་མཉམ་དུ་ཤ་མོག་བཟོ་བཞིན་པ།  

             གསར་འགོད་པས“ཁྱེད་ཕ་ཡུལ་གང་ནས་ཡིན་ནམ”ཞེས་དྲིས་པས།

             ཁོང་གིས“ཆབ་མདོ་ལྷ་ཐོག་ཞང་ནས་ཡིན”ཞེས་ལན་བཏབ།

             ཀརྨ་ཚེ་རིང་ནི་ཆབ་མདོའི་ལྷ་ཐོག་གི་འབྲོག་པ་དབུལ་པོ་ཞིག་གི་ཁྱིམ་དུ་སྐྱེས་པ་དང་། དེ་ནི་འབྲོག་པ་འབྲོག་རྐྱང་གི་ས་ཞིག་ཡིན་ཞིང་། “སྐབས་དེར་ཉིན་རེར་རྩམ་པ་ཐེངས་གཅིག་ལས་ཟ་རྒྱུ་ལས་མེད་པས། གལ་ཏེ་ཉིན་གཉིས་པར་ཟ་འདོད་ཚེ་ཡང་བསྐྱར་འཐག་རྒྱུ་ལས་མ་འདས། 2005ལོར་ཕ་ཡུལ་དུ་གཞུང་ལམ་ཐེངས་དང་པོ་ཤར་གཏོང་མ་བྱས་གོང་ངས་རླངས་འཁོར་དང་རྐང་འཁོར་མཐོང་མྱོང་མེད་ལ། ད་ལྟའི་དུས་སུའང་ཕ་ཡུལ་གྱི་མི་རྣམས་ཀྱི་བསམ་བློར་འགྱུར་ལྡོག་ཆེན་པོ་དེ་ཙམ་བྱུང་མེད་པས། ངས་ཕ་ཡུལ་གྱི་ན་གཞོན་རེ་གཉིས་རི་ཁུག་ནས་ཁྲིད་དེ་ང་དང་མཉམ་དུ་ལས་ཀ་ཞིག་བྱེད་དུ་འཇུག་འདོད་ཆེན་པོ་ཡོད་ཀྱང་ཁོ་ཚོས་གང་སར་སེམས་ཁྲལ་བྱས་ནས་ཡོང་འདོད་བྱེད་ཀྱི་མེད”ཅེས་ཀརྨ་ཚེ་རིང་གིས་བཤད།

             ལོ་ན་གཞོན་པའི་ཀརྨ་ཚེ་རིང་ཨ་མས་ས་གནས་དེ་གའི་དགོན་སྡེར་བསྐྱལ་ནས་དགོན་སྡེའི་ནང་ལས་ཀ་ཙག་ཙིག་བྱས།

             ལོ20ལྷག་ཙམ་གྱི་སྐབས་སུ་ཀརྨ་ཚེ་རིང་དགེ་རྒན་ལགས་དང་མཉམ་དུ་ཁྲེང་ཏུའུ་རུ་ལས་ཀ་བྱེད་པའི་གོ་སྐབས་ཐེངས་དང་པོ་རག་ཅིང་། སྤྱང་གྲུང་ལྡན་པའི་ཀརྨ་ཚེ་རིང་གིས་ཁྲེང་ཏུའུ་གྲོང་ཁྱེར་གྱི་གང་སར་ཟ་ཁང་ཡིན་པར་མ་ཟད། ཚོང་ཡང་ཡག་པོ་ཡོད་པ་དང་ཁྲེང་ཏུའུ་རུ་ཡོང་མཁན་བོད་རིགས་མང་པོ་ཞིག་གིས་ཕ་ཡུལ་གྱི་ཟས་ཟ་མི་ཐུབ་པ་མཐོང་བས། ཚོང་ལས་ལ་སྤྱང་གྲུང་འཛོམས་པའི་ཀརྨ་ཡིས་ལས་དབང་གི་ཁ་ལོ་བསྒྱུར་བའི་གོ་སྐབས་རག་སོང་སྙམ་སྟེ་བོད་ཟས་ཤིག་འཛུགས་རྒྱུའི་སེམས་ཐག་བཅད།

            འོན་ཀྱང་ཐོག་མར་དཀའ་ངལ་མང་པོ་ཕྲད་པ་སྟེ། གཅིག་ནས་ཟོག་འདྲེན་ཐབས་ལམ་མི་ཤེས་པ་དང་། གཉིས་ནས་སྐུ་མགྲོན་གྱི་དགའ་ཕྱོགས་མི་ཤེས་པ། གསུམ་ནས་རྒྱ་ཡིག་མི་ཤེས་པ་བཅས་ཡིན་པར་མ་ཟད། ཐ་ན་ཚལ་གང་ཞིག་བཟོ་དགོས་པའང་མི་ཤེས་པས།“སྐུ་མགྲོན་གཅིག་ཡོང་ནས་ང་ཚལ་འདིར་དགའ་པོ་ཡོད་པས་ཚལ་འདི་བཟོ་དགོས་ཞེས་བཤད་སྐབས་ངས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཚལ་དེ་རང་བཟོས་པ་དང་། ཡང་སྐུ་མགྲོན་གཅིག་ཡོང་ནས་ང་ཚལ་དེར་དགའ་པོ་ཡོད་པས་ཚལ་དེ་བཟོ་དགོས་ཞེས་བཤད་སྐབས་སླར་ཡང་ཁོང་ཚོའི་བསམ་འཆར་དང་ལེན་བྱས། ངའི་ཚལ་ཐོའི་ནང་ཚལ་མང་ཤོས་དུས་སུ་ཚལ་རིགས76ཙམ་ཟིན་གྱི་ཡོད་པས། མཐར་ཚལ་གང་དགོས་ཚང་མ་ཡོད་ཀྱང་སྤུས་དག་པོ་དང་བྲོ་བ་ཞིམ་པོ་མེད་ལ་ཉིན་ལྟར་ངལ་དུབ་ཀྱིས་མནར་ནས་སྡོད་དགོས་ཀྱི་འདུག”ཅེས་ཀརྨ་ཚེ་རིང་གིས་བཤད། སྐབས་ཤིག་རིང་ཁོང་ལ་ཐ་ན་ཕྱིར་བཤོལ་བྱེད་པའི་བསམ་ཚུལ་ཡང་སྐྱེས་མྱོང་། འོན་ཀྱང་མཛེས་སྡུག་ལྡན་པའི་འཚོ་བ་བརྩོན་ལེན་བྱེད་པའི་དད་སེམས་ཀྱིས་ཁོང་ལ་སྙིང་སྟོབས་ཆེར་སྐྱེད་ཀྱིས་མཐའ་འཁྱོངས་བྱེད་དུ་བཅུག

          ཁོང་གིས་ཟ་ཁང་ཆུང་ཆུང་དེ་མུ་མཐུད་གཉེར་ཐུབ་པ་བྱ་ཆེད། གང་སར་ཤེས་ལྡན་མི་སྣ་འཚོལ་ཐབས་བྱས་ཏེ་ཟི་ལིང་ནས་ཟླ་རེར་གླ་ཆ་སྒོར10000སྤྲད་དེ་བོད་རིགས་མ་བྱན་ཆེ་མོ་ཞིག་གདན་དྲངས། འོན་ཀྱང་ཁོང་གིས་ཚལ་རྔོ་ཤེས་པ་ཙམ་ལས་སྐུ་མགྲོན་ཚོས་དགའ་པོ་བྱེད་པའི་ཐུག་པ་བཟོ་མི་ཤེས་པས་དེ་ཡང་ཐབས་ཤེས་ཡག་ཤོས་ཤིག་མིན།

          ལོ་བཞི་ལྔའི་རིང་དུ་དཀའ་སྡུག་གིས་སྦྱོང་བརྡར་བྱས་པ་བརྒྱུད། ཁོང་གིས་ད་གཟོད་གཉེར་སྐྱོང་བྱེད་སྟངས་རྦད་དེ་ཤེས་ཤིང་། ད་ལྟ་ཁོང་གི་ཚལ་ཐོའི་ནང་ཚལ་སྣ་ཁ16ལས་མེད་ཀྱང་ཚང་མ་བྲོ་བ་ཞིམ་པོ་བཟོ་ཐུབ་ལ། རང་ཉིད་ཀྱང་དཀའ་ལས་དེ་ཙམ་ཁག་གི་མེད། ཁོང་གིས“སྟབས་བདེ་བ། ཀུན་ལ་འཚམས་པ། ལྷད་མེད་པ། ས་མཐོའི་ཁྱད་ཆོས་ལྡན་པ”བཅས་ནི་ཁོའི་ཟ་མའི་ཚད་གཞི་གཙོ་བོར་བྱས་པས་མ་བྱན་ཆེ་མོ་བ་ཡང་གདན་འདྲེན་ཞུ་མི་དགོས་པར་ཁོང་དང་བཟའ་ཟླ་གཉིས་ཀྱིས་ཚལ་དང་ཐུག་པ་སྣ་ཚོགས་བཟོ་ཤེས་ཀྱི་ཡོད།

          བཟའ་བཅའི་སྤུས་ཚད་འགན་ལེན་བྱ་ཆེད། ཁོང་གིས་ཧུང་ཡོན་དང་མཛོད་དགེ་སོགས་ཀྱི་སར་བསྐྱོད་ནས་བཟའ་བཅའི་རྒྱུ་ཆར་རྟོག་ཞིབ་ཐེངས་མང་བྱས་པ་དང་། ཚད་ལྡན་གྱི་དངོས་ཟོག་འདྲེན་ལམ་བཙུགས་པ་མ་ཟད། རྩྭ་ཐང་གི་འབྲོག་པའི་འབྲོག་ལས་ཐོན་རྫས་ལའང་བྲིན་ཚོང་ཐབས་ལམ་མཁོ་འདོན་བྱས།

           ལོ་བཅུ་ལྷག་ཙམ་རིང་ཁོང་གིས་སྔ་རྗེས་སུ་མ་བྱན་དང་ཞབས་ཞུ་བ86གདན་དྲངས་མྱོང་ལ། མི་མང་པོ་ཞིག་གིས་དེ་ནས་དོན་རྗེས་ཁོང་ལ་སློབ་སྦྱོང་གིས་ཚོང་ཁང་བཙུགས་ནས་རང་བརྟེན་ལས་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད།

           ད་ཆ་ཁོང་གི་ཞབས་ཞུ་བ་བཞི་ནི་ལི་ཐང་དང་། རྟའུ། སེར་ཤུལ། རོང་བྲག་བཅས་ནས་ཡིན་ཞིང་། ཆ་སྙོམས་ལོ20ལྷག་ཙམ་ལ་སླེབས་པའི་བུ་མོ་ཤ་སྟག་ཡིན་པས། ལས་ཀ་བྱེད་སྐབས་ཚང་མ་ལག་བདེ་ལ་སྦྱོང་བརྡར་བྱེད་མཁས་པོ་ཡོད་པས་ལག་རྩལ་སྣ་གཅིག་ལ་བྱང་བའི་ཆེད་ལས་མཁས་པ་ཤ་སྟག་རེད།    གསར་འགོད་པས“ཁྱེད་ཚོའི་ཁྱད་ལྡན་ཚལ་གང་རེད་དམ”ཞེས་དྲིས་སྐབས།

ཁོང་གིས“སྡེ་དགེ་རྒྱལ་པོའི་ཐུག་པ་ཞེས་པ་རེད”ཅེས་བཤད།

           གསར་འགོད་པས“དེར་བཤད་ཚུལ་གང་ཡོད་དམ”ཞེས་དྲིས་སྐབས།

           ཁོང་གིས“ངའི་བཟའ་ཟླའི་ཕ་ཡུལ་ནི་སྡེ་དགེ་ཞིང་ཁུལ་ནས་ཡིན་ཞིང་། དེ་གའི་ཁང་པའི་རྒྱབ་མདུན་ལ་སྒ་སྐྱ་ཞེས་པའི་སྔོ་ཚོད་རིགས་ཤིག་སྐྱེ་གྱི་ཡོད་ལ་དེ་ཡང་བོད་སྨན་གྱི་རིགས་ཤིག་རེད། དབྱར་ཁ་བརྔས་རྗེས་སྐམ་པ་དང་དགུན་ཁ་ཐུག་པ་དང་ཤ་ཐུག་ནང་བླུགས་ཚེ་བྲོ་བ་ཧ་ཅང་ཞིམ་པོ་ཡོད། ཤོད་སྲོལ་ལ་ཞིང་གྲོང་གི་འགོ་གཙོས་ལོ་གསར་སྐབས་སྒ་སྐྱའི་ཐུག་པ་དེ་སྡེ་དགེ་ཡུལ་དཔོན་ལ་ཕུལ་བས་ཡུལ་དཔོན་ཁྱིམ་གྱིས་བསྔགས་བརྗོད་ཆེན་པོ་ཐོབ་པས། དེར་སྡེ་དགེ་རྒྱལ་པོའི་ཐུག་པ་ཞེས་པའི་མིང་ཐོགས། ང་ཚོས་དེ་གསར་སྤེལ་བྱས་ནས་ཁྲེང་ཏུར་བཟོས་པས་སྐུ་མགྲོན་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་པས། ལོ་ལྟར་སྒ་སྐྱ་རྒྱ་མ་རེའི་ཉོ་སྒྲུབ་རིན་གོང་སྒོར45ནས55བར་སྤྲད་དེ་རྒྱ་མ1200ལྷག་ཙམ་ཉོས་ཀྱི་ཡོད་པས་ས་གནས་དེ་གའི་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་ཤུགས་ཆེན་ཕྱིན་ཡོད”ཅེས་བཤད།

           གསར་འགོད་པས“ཁྱེད་ཀྱིས་ངོས་ནས་བརྗོད་ན་ལས་གཏོད་བྱས་པར་ལེགས་ཆ་གང་ཡོད་དམ”ཞེས་དྲིས་པར།

         ཁོང་གིས“དེས་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་། འཇོན་ཐང་ཆེ་རུ་ཕྱིན་པ། ཡོང་འབབ་མང་དུ་ཕྱིན་པར་མ་ཟད། དངོས་ཤུགས་ཆེ་རུ་འགྲོ་གི་འདུག དེ་ཡང་ཟ་ཁང་ནང་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ཡོང་གི་ཡོད་པས། ཁོང་ཚོའི་ཁྲོད་མི་སྣ་གྲགས་ཅན་ཡོད་ལ་ངས་ཁོང་ཚོའི་ས་ནས་ཤེས་བྱ་མང་པོ་ཤེས་ཀྱི་འདུག་ཐ་ན་སྐར་མ15ཡི་རིང་ཁ་བརྡ་གློད་པར་ཡང་ཕན་འབྲས་ཆེན་པོ་ཐོན་གྱི་འདུག གོ་མེད་ཚོར་མེད་ངང་ང་ཁྲེང་ཏུའུ་རུ་སླེབས་ནས་ལོ14ཕྱིན་འདུག་ལ་འཚོ་བའང་ཉིན་རེ་བཞིན་མ་འདས་པར་ཡག་ཏུ་ཕྱིན་སོང”ཞེས་བཤད།

           གསར་འགོད་པས“ད་ལོར་ཁྱེད་ལ་འཆར་གཞི་གང་ཡོད་དམ”ཞེས་དྲིས་སྐབས།

          ཁོང་གིས“ངའི་ཟ་ཁང་གི་སྟེང་འོག་གཉིས་བསྡོམས་ཚེ་སྨི་ངོས་གྲུ200ཙམ་ཡོད་པ་དང་། ན་ནིང་ངས་སྨི་ངོས་གྲུ80ལྷག་ཙམ་གྱི་ཐོག་སོ་དང་པོ་དེ་ཉོས་པ་ཡིན། ད་ལོར་སྨི་ངོས་གྲུ100ལྷག་ཙམ་ཡོད་པའི་ཐོག་སོ་གཉིས་པ་ཉོ་རྩིས་ཡོད། དེ་ལྟར་བྱས་ཚེ་ངའི་སེམས་ལ་བག་གཡེང་གང་ཡང་མེད་པ་དང་། དེ་བས་བློ་བདེའི་ངང་ཚོང་རྒྱག་ཐུབ་ལ། བོད་རིགས་གཞོན་ནུ་དེ་བས་མང་པོ་ཞིག་ལས་ཞུགས་བྱེད་ཐུབ་པས་དེ་ངའི་རེ་བ་ཡིན་ལ་འགྲུབ་རེ་ཡང་ཡོད”ཅེས་བཤད།

འདི་ནི་ཀརྨ་ཚེ་རིང་གིས་ཚབ་ཚོང་བྱེད་པའི་ཞིང་ཞོར་ཐོན་རྫས་རེད།  

             གསར་འགོད་པས“ལོ་གསར་གྱི་རིང་དུ་སྤྱད་དགོས་པའི་ཐོན་རྫས་ཚང་མ་གྲ་སྒྲིག་བྱས་ཚར་སོང་ངམ”ཞེས་དྲིས་པར།

           ཁོང་གིས“གྲ་སྒྲིག་བྱས་ཚར་སོང་། དོན་དངོས་ཐོག་ཆེད་མངགས་གྲ་སྒྲིག་བྱེད་དགོས་མེད། ངས་སྔ་ས་ནས་མར་དང་། འོ་མ། རྩམ་པ། བུལ་ཐུག ཤིང་འབྲས་སྐམ་པོ། ཐ་ན་སྦི་རག་དང་ཆང་སོགས་ཕ་ཡུལ་གྱི་ཞིང་ཞོར་ཐོན་རྫས་དང་ཁྱད་ལྡན་ཐོན་རྫས་སྣ་ཁ32ཚབ་ཚོང་བྱེད་ཀྱི་ཡོད་ལ། དེ་དག་སྤུས་ཀ་དག་པོ་པར་འགན་ལེན་བྱེད་ཀྱི་ཡོད། ཝུའུ་ཧོའུ་མཆོད་ཁང་ཁུལ་གྱི་ཁྲོམ་རར་ཐོན་རྫས་དེ་དག་སྤྱིར་ན་འདང་ངེས་ཡོད་མོད། འོན་ཀྱང་ཁྲེང་ཏུའུ་ཉེ་འགྲམ་གྱི་ཝུན་ཅང་དང་ཧྲོང་ལིའུ་ལ་ད་དུང་བོད་རིགས་གྲོང་མི་མང་པོ་ཡོད་ཅིང་། ཁོང་ཚོས་ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་ཉོ་རྒྱུར་དཀའ་ངལ་ཡོད་པས་ངས་ས་ཆ་དེ་དག་ཏུ་ཚོང་ཁང་བཙུགས་ནས་མང་ཚོགས་ཀྱི་དགོས་མཁོ་སྐོང་རྩིས་ཡོད”ཅེས་བཤད།

           ཚོང་ཁང་དུ་ཚོང་ཟོག་ཉོ་བཞིན་པའི་སྐུ་མགྲོན་ལིའུ་ཧྲེང་གིས“ཉིན་ཤས་ཀྱི་གོང་དུ་ངས་བོད་ཟས་ཁང་འདིའི་སྒོ་འགྲམ་བརྒྱུད་ནས་འགྲོ་སྐབས། ཟ་ཁང་ནང་དུ་ཞོ་དང་འབྲི་འོ་གསར་པ་ཡོད་པ་མཐོང་བྱུང་བས་འོ་མ་ཉོས།  ཉིན་གཉིས་པར་བསྐོལ་པས་འོ་མའི་ཐོག་ཏུ་འོ་སྤྲི་འདུག་ལ་འོ་མ་ཡང་ཧ་ཅང་ཡག་པོ་འདུག མ་གཞི་རིན་གོང་ཅུང་མཐོ་ཙམ་འདུག་མོད། འོན་ཀྱང་ས་མཐོའི་འབྲོག་ཁུལ་ནས་དཀའ་བ་ཚད་མེད་སྤྱད་དེ་དབོར་བའི་ལྷད་མེད་ཀྱི་བྲོ་བ་མྱོང་ཐུབ་པས་ཉོ་རིན་ཡོད་པ་ཞིག་འདུག”ཅེས་བཤད།

 

རྩོམ་སྒྲིག་པ། མང་ག་མཚོ།