ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁ་བའི་ཁྲོད་ཀྱི་བླ་བྲང་གི་གོས་སྐུ་བཤམས་སྟོན།

སྤེལ་དུས 2024-02-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རིག་གྲོལ། སངས་སྐྱབས། ལྷ་འབྲུག་རྒྱལ།

            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ2པའི་ཚེས22ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གིས་གོས་སྐུ་བཤམས་སྟོན་གྱི་བྱེད་སྒོ་སྤེལ། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱིདཔྱིད་གསར་དུས་ཆེན་སྐབས་ལ་གཞི་རིམ་དུ་སྐྱོད་པཞེས་པའི་མཚོ་སྔོན་དང་ཀན་སུའུ་ལམ་ཐིག་ལ་བཅར་འདྲི་བྱེད་མཁན་གྱི་ཚོ་ཆུང་ཡུལ་དངོས་སུ་ཕྱིན་ནས། འདིར་ཕེབས་ཀྱི་ཡུལ་སྐོར་བ་དང་། འགྲིམ་འགྲུལ་དང་བརྡ་འཕྲིན་འགན་ལེན་གྱི་བྱ་བའི་འབྲེལ་ཡོད་འགན་འཁུར་དག་ལ་བཅར་འདྲི་བྱས་པ་དང་། དེ་དང་བསྟུན་ནས་བསང་ཆུ་རྫོང་གི་ཐུན་མོང་མ་ཡིན་པའི་ལོ་སར་རོལ་སྟངས་ལའང་མྱོང་རོལ་ཐེབས་ཤིག་བྱས།


བླ་བྲང་དགོན་པོའི་གྲྭ་མང་གིས་གོས་སྐུ་ཆེན་མོ་གོས་སྐུ་ཐང་ལ་གདན་དྲངས་བཞིན་པ།

            རྒྱ་ལོའི་ཚེས་པ་བཅུ་གསུམ་ནི་བླ་བྲང་དགོན་པའི་གོས་སྐུ་བཤམས་སྟོན་བྱེད་པའི་ཉིན་མོ་ཡིན་ལ། འདིའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཡུན་རིང་ཞིང་རིག་གནས་ཀྱི་ནང་སྙིང་ཕུན་སུམ་ཚོགས་པ་ཞིག་ཡིན། སྔ་དྲོའི་ཆུ་ཚོད་བཅུའི་ཡས་མས་ལ། བླ་བྲང་དགོན་པོའི་གསེར་ཁྲི་ཆེན་མོ་ཡིས་གྲྭ་མང་གི་སྣེ་འཁྲིད་དེ་དགོན་པོའི་ཁ་སྤྲོད་ཀྱི་གོས་སྐུ་ཐང་དུ་གོས་སྐུ་བཤམས་པའི་ཆོ་ག་སྤེལ།གྲྭ་མང་དག་གི་ཆོས་འདོན་དབྱངས་རྟ་ཁྲོད་དུ།གོས་སྐུ་ཆེན་མོ་རིམ་གྱིས་གོས་སྐུ་བཤམས་གནས་ནས་རིམ་གྱིས་བཤམས།


གོས་སྐུ་བཤམས་པའི་ཡུལ་དངོས།

            རྒྱུས་ལོན་བྱུང་བ་ལྟར་ན། བླ་བྲང་དགོན་པས་ལོ་རེར་བཤམས་པའི་གོས་སྐུའི་ཆེན་མོ་ལ་སངས་རྒྱས་ཤཱཀྱ་ཐུབ་པ་དང་། འོད་དཔག་མེད། རྗེ་ཙོང་ཁ་བ་བཅས་སོགས་ཀྱི་སྣང་བརྙན་ལས་གྲུབ་པའི་གོས་ཐང་ཆེན་མོ་དག་ཡོད་ཞིང་། ལོ་རེར་རེས་མོས་ལྟར་བཤམས་སྟོན་བྱེད་པ་ཞིག་ཡིན། གོས་སྐུའི་འདི་དག་གི་ཞེང་གི་རིང་ཚད་ལ་སྤྱི་ལེ་བཅུ་གཉིས་དང་མཐོ་ཡི་ཚད་ལ་སྤྱི་ལེ་སུམ་ཅུར་སླེབས་ཀྱི་ཡོད། ནཚང་མ་ཚོན་ལྡན་གྱི་དར་གོས་བཟང་པོ་ལས་གྲུབ་པ་ཞིག་རེད། ད་ལོར་བཤམས་པའི་གོས་སྐུ་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་གོས་ཐང་ཆེན་མོ་ཡིན་ནོ།།

གོས་སྐུ་ཆེན་མོའི་ཡོལ་ནི་རིམ་གྱིས་ཕྱེ་བ་དང་བསྟུན་ནས་གནས་དེར་འཛོམས་པའི་མང་ཚོགས་ཀུན་གྱི་ཡིད་སེམས་དབང་མེད་དུ་འཕྲོག་པར་བྱས། བརྗིད་ཉམས་དོད་པོའི་རྣམ་པ་འདི་ལས་བོད་བརྒྱུད་ནང་བསྟན་གྱི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་ཟབ་མོ་དེ་ཕྱི་རུ་མངོན་པར་མ་ཟད།མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དང་དོན་གཉེར་ཡང་བརྒྱུད་སྤྲོད་བྱས་ཡོད། 


གོས་སྐུ་བཤམས་པའི་ཡུལ་དངོས།

            བླ་བྲང་དགོན་པའི་གོས་སྐུ་བཤམས་པའི་དུས་ཆེན་འདི་ནི་ཆོས་ལུགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་པའི་ངོས་ནས།  དད་ལྡན་མང་ཚོགས་མང་པོ་བཀུག་པར་མ་ཟད། ཡུལ་སྐོར་བ་མང་པོ་ཡང་གོས་སྐུ་ལ་གཟིགས་སྐོར་བྱེད་པར་བཀུགབྱེད་སྒོ་འདིས་ས་གནས་འདི་གའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་པར་མ་ཟད། མཐོ་སྒང་ས་ཁུལ་གྱི་རིག་གནས་སྤེལ་རེས་དང་།  མི་རིགས་མཐུན་སྒྲིལ།   སྤྱི་ཚོགས་ཞི་མཐུན་ཡོང་བ་བཅས་ལ་སྔར་བས་སྐུལ་འདེད་ཐེབས་པ་རེད།


འགྲིམ་འགྲུལ་ཉེན་རྟོག་པས་ཡུལ་དངོས་ནས་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་བྱེད་བཞིན་པ།

            གཞན་ཡང་བྱེད་སྒོ་བདེ་བླག་ངང་སྤེལ་ཆེད།ཀན་ལྷོ་ཁུལ་དང་བསང་ཆུ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ་ལམ་རྒྱུད་དུ་ཉེན་རྟོག་པ180ལྷག་ཙམ་བཏང་ནས་འགྲིམ་འགྲུལ་སྒྲིག་ལམ་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ཏེ་གཞུང་ལམ་བདེ་འཇགས་ཤར་བགྲོད་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།

            དྲ་རྒྱའི་འཕྲིན་གཏོང་ཤར་བགྲོད་ཐུབ་པར་འགན་ལེན་བྱ་ཆེད།  ཀྲུང་གོའི་སྤོ་འགུལ་བསང་ཆུ་རྫོང་ཡན་ལག་ཀུང་སིས་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ཁྱོན་འགན་སྲུང་མི་སྣ40བཏང་བ་དང་།  སྣུམ་འཕྲུལ10བཀོད་སྒྲིག་བྱས་པ་ཤིང་།  4/5Gསྦྲེལ་ཚུགས5གསར་དུ་བཙུགས་པ་དང་།  ད་དུང་འཕྲལ་སྡོམ་འཕྲིན་གཏོང་རླངས་འཁོར་ཞིག་བཙུགས་ནས་འབྱུང་སྲིད་པའི་འཕྲིན་གཏོང་གནད་དོན་ལ་ཐག་གཅོད་བྱེད་ཐབས་བཟོས་ཤིང་། བྱེད་སྒོའི་རིང་ལ་དྲ་རྒྱའི་འཁོར་སྐྱོད་བརྟན་པོ་ཡོད་པ་དང་།  སྤྱོད་མཁན་གྱི་ཚོར་སྣང་ཡག་པོ་ཡོད་པས་ཀུན་གྱིས་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། གཞན་ཡང་མེ་ཟོན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཀྱང་མི་སྣ་བཀོད་སྒྲིག་ཧུར་ཐག་བྱས་ཏེ་ཞབས་ཞུ་འགན་ལེན་གྱི་ལས་དོན་བརྒྱུད་རིམ་ཧྲིལ་པོར་ཡག་པོ་སྒྲུབ་ཡོད།

རྩོམ་སྒྲིག་པ། རིག་གྲོལ།