ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཕ་རི་སིའི་ཨོ་རྩལ་འགྲན་ཚོཊ་ཀྱི་ཆུ་རྐྱལ་འགྲན་བསྡུར་ནར་འགྱངས་བྱེད་སྲིད་དམ།

སྤེལ་དུས 2024-07-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
               ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་ཉེར་ཡོད་མོད། འོན་ཀྱང་ཧྥ་རན་སེའི་གཞུང་ཕྱོགས་ཀྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་དུ་འགྲན་བསྡུར་གཉེར་རྩིས་ཡོད་པའི་སའེ་ནཱ་གཙང་པོའི་ཀླུང་དུམ་ཁག་གཅིག་གི་ཆུའི་སྤུས་ཚད་རྒྱལ་སྤྱིའི་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བླང་བྱ་བཏོན་པའི་ཡོངས་བསྒྲགས་ཆུ་ཁོངས་འགྲན་བསྡུར་གྱི་ཚད་གཞིར་སྔར་བཞིན་སླེབས་མེད་པ་མཚོན།
              ཧྥ་རན་སེ་གླིང་ཕྲན་ཁུལ་ཆེན་པོ་དང་ཕ་རི་སིའི་གྲོང་ཁྱེར་སྲིད་གཞུང་གིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་ཆུའི་སྤུས་ཚད་ཀྱི་ཞིབ་དཔྱད་ཚད་ལེན་སྙན་ཞུར་གཞིགས་ན། ཟླ6པའི་ཚེས23ཉིན་ཕ་རི་སིའི་སའེ་ནཱ་གཙང་པོའི་ཀླུང་དུམ་ཁག་གཅིག་ཏུ་ཆུ་ཧའོ་ཧྲེང100རེར་ལོང་གའི་དབྱུག་སྲིན་འདུས་ཚད་འབུ་ཕྲ་ཆགས་པའི་ཚན་པ5000ལས་བརྒལ་བ་དང་། རྒྱུ་མའི་ཟླུམ་སྲིན་འདུས་ཚད་འབུ་ཕྲ་ཆགས་པའི་ཚན་པ1000ལས་བརྒལ་ཡོད་པ་རེད། ཧྥ་རན་སེ་གནས་སའི་ཡོ་རོབ་མནའ་འབྲེལ་ས་ཁུལ་དུ་འགྲན་བསྡུར་གཉེར་རྒྱུར་འཚམ་པའི་ཡོངས་བསྒྲགས་ཆུ་ཁོངས་ཀྱི་ལོང་གའི་དབྱུག་སྲིན་དང་། རྒྱུ་མའི་ཟླུམ་སྲིན་འདུས་ཚད་ཀྱི་བདེ་འཇགས་ཚད་གཞི་མཐོ་ཤོས་ནི་ཆུ་ཧའོ་ཧྲེང100རེར་འབུ་ཕྲ་ཆགས་པའི་ཚན་པ900དང330ཡོད་པ་རེད། སའེ་ནཱ་གཙང་པོར་འབུ་ཕྲའི་འདུས་ཚད་ཚད་ལས་ལྡབ་འགའ་བརྒལ་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན། འབུ་ཕྲ་འདི་གཉིས་ཀྱི་འདུས་ཚད་མཐོ་དྲགས་ན་མིག་སྐྱིའི་གཉན་ཚད་དང་། ཕོ་རྒྱུའི་གཉན་ཚད། ཐ་ན་རྒུན་འབྲུམ་ཟླུམ་སྲིན་འགོས་པའི་ཉེན་ཁ་ཡོད་པ་རེད།   

              ཨོ་རྩལ་འགྲན་ཚོགས་གཉེར་ཆེད། ཧྥ་རན་སེ་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་ནས་ཆུའི་སྤུས་ཚད་ལེགས་སུ་བཏང་ཡོད། འོན་ཀྱང་ད་ལོའི་དཔྱིད་དུས་སུ་ཆར་པ་དྲག་པོ་བབས་པས་སའེ་ནཱ་གཙང་པོའི་སྟོད་རྒྱུད་དུ་གཙང་སེལ་མ་བྱས་པའི་ཆུ་སྙིགས་ཆར་ཆུ་དང་འདྲེས་ནས།  གཙང་པོར་བཞུར་བ་དེ་ནི་ཆུའི་སྤུས་ཚད་སྐྱོ་ཤོར་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། ཆར་པ་བབས་ནས་སའེ་ནཱ་གཙང་པོའི་ཆུའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་ཆེད། ཕ་རི་སིའི་ཤར་ལྷོའི་རྒྱུད་དུ་གནས་པའི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་5000ཟིན་པའི་ཆུ་གསོག་རྫིང་བུ་ཉེ་ཆར་སྤྱོད་འགོ་ཚུགས་ནས་གཙང་སེལ་མ་བྱས་པའི་བཙོག་ཆུ་གཤོང་རྒྱུར་སྤྱད་ཡོད་པ་རེད།
              གལ་སྲིད་སྐབས་དེ་དུས་སའེ་ནཱ་གཙང་པོའི་ཆུའི་སྤུས་ཚད་ད་དུང་ཚད་གཞིར་ལོན་མེད་ཚེ། གྲ་སྒྲིག་གི་ཇུས་གཞིར་གཞིགས་ན། ཡོངས་བསྒྲགས་ཆུ་ཁོངས་ཀྱི་ཆུ་རྐྱལ་འགྲན་བསྡུར་ཉིན་ཁ་ཤས་ནར་འགྱངས་བྱ་རྒྱུ་ཡིན་ཡང་།  ས་གནས་འགྱུར་ལྡོག་གཏོང་མི་སྲིད། མིག་སྔའི་བཀོད་སྒྲིག་ནི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྙུགས་ཤེད་རྣམ་གྲངས་གསུམ་གྱི་མི་སྒེར་དང་ཕོ་མོ་མཉམ་བསྲེས་སོགས་ཀྱི་ཆུ་རྐྱལ་འགྲན་བསྡུར་སའེ་ནཱ་གཙང་པོར་སྤེལ་རྒྱུ་ཡིན་པ་རེད།
 
རྩོམ་སྒྲིག་པ། རིག་གྲོལ།