ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སེམས་མཐུན་མཉམ་གཏོད། བརྩེ་བས་ཕྱུག་པའི་ལི་ཐང་།

སྤེལ་དུས 2024-07-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ7པའི་ཚེས10ཉིན“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་སྤྱི་ཕན་སྨན་བཅོས་ཚོགས་པ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་ལི་ཐང་དགོན་པར་བསྐྱོད་དེ། དགོན་པའི་ནང་གི་དགེ་འདུན་པར་འོས་འགན་སྨན་བཅོས་བྱས། ཡུལ་དངོས་ནས་འོས་འགན་སྨན་བཅོས་བྱེད་མཁན་ཆེད་མཁས་པ་ཚོའི་ཆ་སྙོམས་ལོ་ཚད་ལོ་བཞི་བཅུ་ཡན་ཡིན་པ་དང་། ཁོང་ཚོས་ས་བབ་མཐོ་བའི་དཀའ་ངལ་ཁྱད་བསད་བྱེད་ཞོར་དུ་འོས་འགན་སྨན་བཅོས་མཐའ་འཁྱོངས་བྱེད་པ་དང“དབྱང་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པའི”ལས་ཀའི་རྣམ་འགྱུར་ལ་བརྟེན་ནས་སྨན་བཅོས་མཐའ་འཁྱོངས་བྱེད་ཀྱི་ཡོད། 
             ཝང་ཧུང་ནི་པེ་ཅིང་ཡིག་ཟམ་གློག་འཕྲིན་སློབ་ཆེན་སྨན་ཁང་ཕྱི་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་ཞིག་ཡིན། མ་གཞི་ས་བབ་མཐོ་བའི་རྐྱེན་གྱིས་མགོ་ན་བཞིན་ཡོད་མོད། འོན་ཀྱང་སྨན་བཅོས་བྱེད་པར་ཡོང་མཁན་དགེ་འདུན་པར་སྔར་བཞིན་ངང་རྒྱུད་རིང་པོ་བྱེད་ཀྱི་ཡོད། ཝང་ཧུང་གིས“དགོན་སྡེའི་དགེ་འདུན་པ་ཚོས་སྤྲོ་སེམས་འཁོལ་པོས་བརྟག་དཔྱད་བྱེད་པར་ཡོང་བ་མཐོང་སྐབས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་པ་མ་ཟད། དུས་མཚུངས་སུ་ས་བབ་མཐོ་བའི་གནས་ཚུལ་ཁྱད་བསད་ཧུར་ཐག་བྱས་ཏེ་ཁོང་ཚོའི་ནད་ཀྱི་གནད་དོན་དེ་བས་མང་བ་ཐག་གཅོད་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ས་མཐོའི་མི་མང་ཆེ་བར་ཁྲག་ཤེད་མཐོ་བ་དང་། གྲུམ་བུའི་ནད། ཚིགས་ནད་སོགས་ཀྱི་ནད་གཞི་ཕོག་ཡོད་པ་དང་། དབྱང་རླུང་མི་འདང་བ་དང་དབུགས་རྔུབ་དཀའ་བ། གཟུགས་པོའི་ཚིགས་ལ་ན་ཟུག་བཏང་ནས་འགུལ་སྐྱོད་བྱེད་དཀའ་བའི་གནས་ཚུལ་ཐོན་གྱི་ཡོད། ཚབས་ཆེ་བ་དག་ལ་གཤགས་བཅོས་བྱས་ན་མ་གཏོགས་དྲག་སྐྱེད་ཡོང་གི་མེད། དེ་འདྲ་ཡིན་དུས་ང་ཚོས་ནད་གཞི་རྩད་ཆོད་པ་དང་སྔོན་འགོག་བྱས་ནས་སྨན་བཅོས་བྱས་ན། གཤགས་བཅོས་མ་བྱས་ནའང་སྨན་བཅོས་བྱེད་ཐུབ། དེར་བརྟེན་ཁོང་ཚོར་བདེ་ཐང་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་བདེ་ཐང་གི་གནད་དོན་ལ་དོ་སྣང་དང་། སྔོན་ཚུད་ནས་སྔོན་འགོག་དང་ཤེས་རྟོགས། སྨན་བཅོས་བྱེད་དགོས”ཞེས་བཤད། 
             “ངའི་རྐང་པར་རྨ་ཁ་བཟོས་ཡོད་པས་ན་ཟུག་ཞེ་དྲག་གཏོང་གི་འདུག དཔུང་པ་ཡར་བཀྱགས་ནའང་མི་བདེ་བ་ཡོང་གི་འདུག དེར་བརྟེན་སྨན་པ་བསྟེན་ནས་ལྟ་རོགས་ཞུ་རྩིས་ཡོད། སྨན་པས་ངའི་གཞི་རྩའི་ནད་གཞི་གང་ཡིན་འདྲི་བ་དང་ངའི་མིང་བྱང་ལ་བལྟས་རྗེས། ཆེད་ལས་ཀྱི་ཕྱི་ནད་སྨན་བཅོས་བྱས། པེ་ཅིང་གི་ཆེད་མཁས་པས་འོས་འགན་སྨན་བཅོས་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། སྨན་བཅོས་ཧ་ཅང་ཡག་པོ་བྱུང་སོང་བས་ནད་གཞི་དྲག་སྐྱེད་ལ་ཕན་ཐོགས་ཆེན་པོ་འདུག སྨན་པར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་ལི་ཐང་དགོན་པའི་དགེ་འདུན་པ་ཞིག་གིས་བཤད། 
             སྨན་པ་ཝང་ཧུང་གིས“དང་ཐོག་ཁོང་གི་རྐང་པ་གཡས་པའི་གྲུམ་བུའི་ནད་བཅོས་དགོས། གལ་ཏེ་དེ་གྲུམ་ནད་མིན་ན་ཕྱིའི་རྨ་ཁ་དང་འབྲེལ་བ་ཡོད་པ་ཡིན། རྗེས་སུ་གནམ་འཐིབས་ནས་ཆར་པ་བབས་དུས་རྐང་པ་གཡས་པ་དེ་རྐང་པ་གཡོན་པ་ལས་ཅུང་ཟད་ཞན་པ་ཡོང་སྲིད། ཡིན་ནའང་དེ་དག་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པས།  དྲོད་ཇུས་བྱེད་རྒྱུར་ཡིད་གཟབ་བྱེད་དགོས”ཞེས་བཤད།