ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་སྐྱོར་སྨན་བཅོས་རུ་ཁག་གིས་འོས་འགན་སྨན་བཅོས་བྱས་པ།

སྤེལ་དུས 2024-08-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
         ཟླ8པའི་ཚེས16ཉིན་གྱི་སྔ་དྲོར། པེ་ཅིང་གྲོང་ཁྱེར་གྱི་ཁག་བཅུ་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ལྷ་སའི་ནུབ་འདབས་ཀྱི་ཆུ་བཟང་དགོན་པར་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བར་ཡོང་། ཐེངས་འདིའི་འོས་འགན་སྨན་བཅོས་བྱེད་སྒོའི་ནང་ཞུགས་མཁན་ཁྱོན་མི20ཡོད་པའི་ནང་སྨན་ཁང་དེའི་སྨན་པ་གཅིག་ཚུད་ཡོད་པ་དང་གྲྭ་པ200ལྷག་ཙམ་ལ་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཡོད། འོས་འགན་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་དཔོན་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་ཀྲང་ཉིང་གིས་འོས་འགན་སྨན་བཅོས་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་ཤིང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཁུའུ་ཞའོ་ཧྥུང་གིས་རུ་ཁག་སྣེ་ཁྲིད་པའི་ལས་དོན་གྱི་འགན་འཁུར་གྱི་ཡོད། པེ་ཅིང་ནས་ཡོང་བའི་སྨན་བཅོས་བོད་སྐྱོར་ཆེད་མཁས་པ་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པས་དགོན་སྡེའི་དགེ་འདུན་པ་དང་ལས་དོན་མི་སྣར་སྨན་བཅོས་བྱས་པ་དང་སྨན་སྤྲད་པར་དགེ་འདུན་པ་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད།
  འོས་འགན་སྨན་བཅོས་མ་བྱས་གོང་སྨན་བཅོས་རུ་ཁག་དང་དགོན་པའི་དོ་དམ་ཨུ་ལྷན་དབར་འབྲེལ་གཏུག་ཞིབ་ཕྲ་བྱས་ཏེ། ཆུ་བཟང་དགོན་པའི་གྲྭ་བཙུན་གྱི་གྲངས་འབོར་དང་ཁོང་ཚོའི་དུས་རྒྱུན་གྱི་གཟུགས་པོར་བརྟག་དཔྱད་དང་དེ་བཞིན་ནད་ཕོག་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་དང་། ཁོང་ཚོར་རང་ཉིད་ཀྱི་གཟུགས་པོར་བརྟག་དཔྱད་བྱས་པའི་དཔྱད་གཞི་དང་གཟུགས་པོའི་བརྟག་དཔྱད་སྙན་ཞུ་སྔ་སྣུར་དུ་གྲ་སྒྲིག་བྱེད་དགོས་པའི་མངག་བྱ་བྱས་པ་དང་འབྲེལ་སྨན་བཅོས་རུ་ཁག་གིས་ཉམས་མྱོང་ཕུན་སུམ་ཚོགས་པའི་ནད་ཐོག་སྨན་བཅོས་ཆེད་མཁས་པ་བཀོད་སྒྲིག་བྱས་པ་མ་ཟད། སྨན་རྫས་དང་བརྟག་དཔྱད་ཡོ་བྱད་འདང་ངེས་ཀྱང་གྲ་སྒྲིག་བྱས་ཡོད།
  འོས་འགན་སྨན་བཅོས་བྱེད་འགོ་ཚུགས་རྗེས། པེ་ཅིང་ཨན་ཀྲེན་སྨན་ཁང་གི་སྙིང་དང་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་ཀུའོ་ལི་ཀྲུའུ་དང་རྒྱལ་སའི་བྱིས་ནད་ཚན་ཁག་ཞིབ་འཇུག་སུའོ་ཡི་བྱིས་ནད་ཚན་ཁག་གི་ཀྲུའུ་རེན་ཀྲང་ཅིན་གཉིས་ཀྱིས་སྨན་བཅོས་ཚོགས་ཆུང་བཙུགས་ནས་དགེ་འདུན་པ་དང་བཙུན་མ་ཚང་མར་ཁྲག་ཤེད་ལྟ་བ་དང་སྨན་ཐོ་ཞིབ་ཕྲ་བཀོད་ནས་ཁག་བགོས་སྨན་བཅོས་བྱེད་པར་མཛུབ་ཁྲིད་བྱས་པ་རེད།
  ཀྲུའུ་རེན་ཀུའོ་ལགས་ཀྱིས“ཁྲག་ཤེད་མཐོ་པོ་འདུག་པས་དུས་རྒྱུན་ལྟོ་ཆས་ལ་ཚྭ་ཉུང་ཙམ་རྒྱག་དགོས། ཁྱེད་རང་ལ་སྨན་ཞིག་སྤྲད་ཡོད་པས་དེ་དུས་ཐོག་ལ་བཟའ་དགོས། དེ་མིན་རྔུལ་ཆུ་དོན་སླ་བ་དང་ཟླ་མཚན་མི་སྙོམས་པ། ཕོ་བ་ན་བའི་གནད་དོན་ཐད་ང་ཚོའི་མོ་ནད་ཚན་ཁག་དང་ཀྲུང་ལུགས་གསོ་རིག་དང་འཇུ་བྱེད་ཚན་ཁག་གི་ཀྲུའུ་རེན་ལ་བསྟན་ཆོག”ཅེས་གསལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།
  ས་མཐོའི་དགོན་སྡེར་རུས་ཚིགས་ཀྱི་གནད་དོན་ཡང་མི་ཉུང་བ་ཞིག་ཡོད། པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་གི་རུས་ནད་ཚན་ཁག་གི་ཀྲུའུ་རེན་དབྱང་ཁྲེན་གྱིས་རུས་ནད་ཚན་ཁག་གི་འདྲ་པར་ཚང་མར་ཞིབ་ཕྲ་བལྟས་ནས་ནད་པ་ཚོའི་རུས་ཚིགས་ལ་ཞིབ་བཤེར་བྱེད་ཀྱི་ཡོད། ཁོང་གིས་ནད་པ་རྣམས་ལ་དྲོད་སྲུང་བྱེད་དགོས་པ་དང་རྒྱུན་དུ་རྒྱབ་འཁུར་ལྕི་པོ་འཁྱེར་མི་རུང་། བྱུག་སྨན་སྦྱར་ན་ན་ཟུག་ཅུང་ཟད་ཆུང་དུ་གཏོང་ཐུབ་པས། དགོས་ངེས་ཀྱི་སྐབས་སུ་སྨན་ཁང་དུ་སོང་ནས་ཡང་བསྐྱར་བརྟག་དཔྱད་བྱེད་དགོས་ཞེས་རེ་རེ་བཞིན་གསལ་བཤད་བརྒྱབ་པ་རེད།
  འཇུ་བྱེད་དང་། དབུགས་ལམ། ཀྲུང་ལུགས་གསོ་རིག མོ་ནད་ཚན་ཁག དབང་རྩའི་ཁོག་ནད་ཚན་ཁག དབང་རྩའི་ཕྱི་ནད་ཚན་ཁག་དང་སྐྲན་ནད་སོགས་ཐད་ཀྱི་བོད་སྐྱོར་ཀྲུའུ་རེན་ཚོས་ཀྱང་དགེ་འདུན་པ་གཞན་དག་ལ་སྨན་བཅོས་བྱས་ཤིང་། རྟག་ཏུ་ཞིབ་བཤེར་སྙན་ཞུ་དང་གཟུགས་བརྙན་སྙན་ཞུར་དམིགས་ནས་ཁྱབ་ཁོངས་ཆུང་བའིMDTབྱས་ཏེ། ཁོང་ཚོར་ཆེད་ལས་ཀྱི་སྨན་བཅོས་དང་འོས་འཚམ་གྱི་སྨན་རྫས་སྤྲད་པ་མ་ཟད། བདེ་ཐང་དྲིལ་བསྒྲགས་སློབ་གསོ་ཡང་བརྒྱབ་པ་རེད།
  འོས་འགན་སྨན་བཅོས་བྱེད་རིང་། ཀྲང་ཉིང་གིས་དགེ་འདུན་པ་དང་བཙུན་མའི་སྤྱི་ཡོངས་ཀྱི་བདེ་ཐང་གནས་ཚུལ་ལ་དམིགས་ནས་དགོན་སྡེའི་དོ་དམ་ཕྱོགས་དང་སྤེལ་རེས་བྱས་པ་མ་ཟད། སྨན་ཁང་གི་ཚབ་ཞུས་ཏེ་ཆུ་བཟང་དགོན་པར་སྨན་རྫས་ཁག་གཅིག་སྤྲད་པ་རེད།
  ཕྱི་དྲོར་སྨན་བཅོས་རུ་ཁག་མུ་མཐུད་དུ་སྟག་རྩེ་ཆུས་བྲག་ཡེར་པ་དགོན་པར་ཡོང་ནས་མུ་མཐུད་འོས་འགན་སྨན་བཅོས་བྱས་པ་རེད། བྲག་ཡེར་པ་དགོན་པར་སྒོམ་སྒྲུབ་གནང་བའི་དགེ་འདུན་པ་དང་བོད་རིགས་སྤུན་ཟླར་སྨན་བཅོས་རུ་ཁག་གི་ཀྲུའུ་རེན་རྣམ་པས་ཁོང་ཚོས་སེམས་ཁུར་བྱེད་པའི་གནད་དོན་ལ་ལན་ཞིབ་ཕྲ་བརྒྱབ་པ་མ་ཟད། སྨན་ཐོ་བཀོད་པ་དང་འབྲེལ་འོས་འཚམ་གྱི་སྨན་རྫས་ཀྱང་སྤྲད་པ་རེད།
  ཐེངས་འདིའི་ལྷ་སའི་མཐའ་འཁོར་གྱི་དགོན་སྡེར་བསྐྱོད་པ་དེ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བཅུ་པ་བོད་ལྗོངས་སུ་བསྐྱོད་རྗེས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་ཐེངས་དང་པོ་ཡིན་ལ། ཆུ་བཟང་དགོན་པར་པེ་ཅིང་གི་སྨན་བཅོས་ཆེད་མཁས་པས་འོས་འགན་སྨན་བཅོས་བྱེད་ཐེངས་དང་པོ་ཡིན། འོས་འགན་སྨན་བཅོས་ཀྱིས་དགེ་འདུན་པ200ལྷག་ཙམ་ལ་ཆེད་ལས་ཀྱི་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་འདེགས་ཞུས་པ་མ་ཟད། སྒོར་ཁྲི་རི་བའི་སྨན་རྫས་སྤྲད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྨན་བཅོས་དམངས་ཕན་ལ་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་ཡོད།