ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དབྱི་སི་རལ་དུ་གཞི་ཁྱོན་ཆེ་བའི་རྔམ་སྟོན་བྱེད་སྒོ་སྤེལ་བ།

སྤེལ་དུས 2024-09-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
              ཟླ9པའི་ཚེས1ཉིན། དབྱི་སི་རལ་དུ་གཞི་ཁྱོན་ཆེ་བའི་རྔམ་སྟོན་བྱེད་སྒོ་སྤེལ་ནས་མང་ཚོགས་མང་པོ་ཞིག་ཁྲོམ་གཞུང་དུ་བསྐྱོད་དེ་དབྱི་སི་རལ་སྲིད་གཞུང་དང་ཕ་ལེ་སི་ཐན་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)དབར་དམག་མཚམས་འཇོག་པའི་གྲོས་མཐུན་འཇོག་དགོས་པའི་རེ་འབོད་བྱས་ཏེ་ཅ་ཧྲ་ས་ཁུལ་དུ་བཀག་ཉར་བྱས་པའི་དབྱི་སི་རལ་ཕྱོགས་ཀྱི་མི་གློད་བཀྲོལ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད། 
              ཉེན་རྟོག་ཕྱོགས་དང་འགོག་རྒོལ་པའི་དབར་གདོང་ཐུག་བྱུང་བ། 
              ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་དུད་སྣེར་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་བཀག་ཉར་བྱས་པའི་མིའི་ཕུང་པོ6རྙེད་རྗེས། ས་གནས་དེ་གའི་ཟླ9པའི་ཚེས1ཉིན། མང་ཚོགས་ཀྱི་འགོག་རྒོལ་འདུ་འཛོམས་བྱེད་སྒོ་ཅེ་རུས་ས་ལེམ་དང་དབྱི་སི་རལ་གྱི་ས་ཆ་མང་པོར་མཆེད་ཡོད།
              དབྱི་སི་རལ་སྨྱན་སྦྱོར་གྱིས་སྔོན་དཔག་བྱས་པར་གཞིགས་ན། མི་ཁྲི50ལྷག་ཙམ་གྱིས་ས་ཆ་མང་པོ་ཞིག་ཏུ་རྔམ་སྟོན་བྱས་ནས་སྲིད་གཞུང་གིས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་མ་བཞག་པར་མ་ཟད། བཀག་ཉར་བྱས་པའི་མི་གློད་བཀྲོལ་གཏོང་མ་ཐུབ་པར་འཐད་པ་མེད་པའི་རྣམ་འགྱུར་བསྟན་པ་རེད། 
              དེ་ཉིན་དགོང་མོར། ཐེ་ལ་ཝུའེ་ཕུའུ་རུ་དབྱི་སི་རལ་ཉེན་རྟོག་ཕྱོགས་དང་རྒོལ་གཏམ་གཏོང་མཁན་ཁག་གཅིག་དབར་གདོང་ཐུག་བྱུང་ཞིང་། གོ་ཐོས་ལ་ཉེན་རྟོག་པས་སྐབས་དེ་དུས་རྒོལ་གཏམ་གཏོང་མཁན་ཁ་འགྲེམས་རྩིས་བྱས་ནས་འགྲིམ་འགྲུལ་བཀག་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད། དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་དེ་ཉིན་ས་ཆ་མང་པོ་ཞིག་ཏུ་དབྱི་སི་རལ་བ20ལྷག་ཙམ་འཛིན་བཟུང་བྱས་ཡོད་ཅེས་བཤད། 
              ནེ་ཐཱ་ཉི་ཡ་ཧུའུ་ཡིས་སེམས་ཁྲལ་ཡོད་ལུགས་བསྟན་པ། 
              གོ་ལ་ཧྲིལ་པོའི་དྲ་བས་ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི(CNN)གནས་ཚུལ་དྲངས་ནས་སྤེལ་བར་གཞིགས་ན། མིང་ལ“བཀག་ཉར་བྱས་པའི་མི་གཏའ་དང་གར་སོང་ཆ་མེད་དུ་གྱུར་པའི་མིའི་ནང་མིའི་གླེང་སྟེགས”ཞེས་པའི་རྩ་འཛུགས་ཤིག་གིས་ས་གནས་དེ་གའི་ཟླ9པའི་ཚེས1ཉིནCNNལ་བཤད་རྒྱུར། དབྱི་སི་རལ་གྱི་ས་ཆ་མང་པོ་ནས་ཉུང་མཐར་ཡང་མི་ཁྲི70ཉིན་དེར་སྤེལ་བའི་རྒོལ་གཏམ་གཏོང་བའི་བྱེད་སྒོར་ཞུགས་པ་དང་དེའི་ནང་ནས་རྒོལ་གཏམ་གཏོང་མཁན་ཁྲི55ཙམ་ཐེ་ལ་ཝུའེ་ཕུའུ་རུ་ཡོད། ཁོང་ཚོས་དབྱི་སི་རལ་སྲིད་གཞུང་གིས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་གང་མགྱོགས་བཞག་ནས་བཀག་ཉར་བྱས་པའི་མི་ཚང་མ་གློད་བཀྲོལ་གཏོང་དགོས་པའི་རེ་འབོད་བྱས་པ་རེད།  དཔོན་རིགས་ཁག་གཅིག་གིས་ཙུང་ལི་ནེ་ཐཱ་ཉི་ཡ་ཧུའུ་ཡིས་གཞི་ཁྱོན་ཆེ་བའི་རྒོལ་གཏམ་གཏོང་བའི་བྱེད་སྒོ་ཐོན་པར་སེམས་ཁྲལ་བྱེད་ཀྱི་འདུག་ཅེས་བཤད་པ་རེད། 
              CNNཡིས་གནས་ཚུལ་སྤེལ་བར་གཞིགས་ན། བཀག་ཉར་བྱས་པའི་མི6དེའི་ཕུང་པོ་རྙེད་རྗེས་མང་ཚོགས་ཁོང་ཁྲོ་ཆེན་པོ་ལངས་ནས་རྒོལ་གཏམ་གཏོང་མཁན་ཁྲི་བཅུ་ཕྲག་ཁ་ཤས་ཚེས1ཉིན་ཐེ་ལ་ཝུའེ་ཕུའུ་ཁྲོམ་གཞུང་དུ་གཤར་ཡོད། རྒོལ་གཏམ་གཏོང་བའི་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་གྱིས་ཐེ་ལ་ཝུའེ་ཕུའུ་རུ་འཛོམས་པའི་མི་ཚོགས་ནི“མཐའ་མེད་པའི་རྒོལ་གཏམ་གཏོང་མཁན་གྱི་རྒྱ་མཚོ”རེད་ཅེས་བཤད་པ་དང་། ཁོང་ཚོས་ད་དུང་དེ་ནི་ན་ནིང་ཟླ10པའི་ཚེས7ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་རེས་སྐོར་འདིའི་གདོང་ཐུག་ཐོན་པ་ནས་བཟུང་གྲོང་ཁྱེར་དེར་ཐོན་པའི་གཞི་ཁྱོན་ཆེ་ཤོས་ཀྱི་རྒོལ་གཏམ་གཏོང་བའི་བྱེད་སྒོ་ཞིག་རེད་ཅེས་བཤད། 
             དབྱི་སི་རལ་གྱི་ལས་རིགས་མང་པོས་ལས་མཚམས་འཇོག་རྩིས་ཡོད་པ། 
             གོ་ལ་ཧྲིལ་པོའི་སྐབས་དོན་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་ཚེས1ཉིན་གྱི་དགོང་མོ་ཤུགས་རྐྱེན་ཆེན་པོ་ལྡན་པའི་དབྱི་སི་རལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཚེས2ཉིན་རྒྱལ་ཡོངས་སྤྱི་ལས་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་ནས་མི6ཅ་ཧྲ་རུ་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ལ་ལན་བསློགས་པ་རེད།《དབྱི་སི་རལ་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན།  བཟོ་ཚོགས་ཀྱི་ཀྲུའུ་ཞི་ཨ་ནུང·པར-ཏའེ་ཝུའེ་ཡིས་ཅ་ཧྲ་རུ་ཡོད་པའི་དབྱི་སི་རལ་གྱི་མི་གཏའ་ངེས་པར་དུ་སྐྱོབ་དགོས། འབྲེལ་ཡོད་གྲོས་མཐུན་དེ“ཆབ་སྲིད་ཐད་ནས་བསམ་བློ་གཏོང་བའི”དཀའ་གནས་སུ་གྱར་ཡོད། “ང་ཚོས་ཐེ་ཇུས་བྱས་ཚེ་གཞི་ནས་གཡོ་འགུལ་གཏོང་དགོས་པའི་མི་དེ་དག་ལ་གཡོ་འགུལ་གཏོང་ཐུབ”“ངས་དབྱི་སི་རལ་གྱི་མི་དམངས་དོ་དགོང་དང་སང་ཉིན་ཁྲོམ་གཞུང་དུ་བསྐྱོད་ནས་མི་ཚང་མ་ལས་མཚམས་འཇོག་པའི་ནང་ཞུགས་རྒྱུའི་རེ་འབོད་བྱེད་ཀྱི་ཡིན”ཞེས་བརྗོད་ཡོད། 
             གཞན་ཡང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་དུད་སྣེ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ9པའི་ཚེས1ཉིན་དབྱི་སི་རལ་གྱི་བཟོ་ཚོགས་རྩ་འཛུགས་ཆེ་ཤོས་ཏེ། དབྱི་སི་རལ་ངལ་རྩོལ་བཟོ་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིས་གསལ་བསྒྲགས་སྤེལ་ཞིང་། ཟླ9པའི་ཚེས2ཉིན་ཁྱོན་ཡོངས་ནས་ལས་མཚམས་བཞག་སྟེ། དབྱི་སི་རལ་སྲིད་གཞུང་ལ་གནོན་ཤུགས་སྤྲད་ནས་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)དང་ཅ་ཧྲ་རུ་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་གང་མགྱོགས་བཞག་ནས། བཀག་ཉར་བྱས་པའི་མི་ཚང་མ་བདེ་འཇགས་ངང་གློད་བཀྲོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་རེ་འབོད་བྱས་པ་རེད། 
             དབྱི་སི་རལ་ངལ་རྩོལ་བཟོ་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་གསལ་བསྒྲགས་ནང་དབྱི་སི་རལ་གྱི་བཟོ་པ་ཚང་མ་ལས་མཚམས་འཇོག་པའི་ནང་ཞུགས་རྒྱུའི་རེ་འབོད་བྱས་ཤིང་། འབྲེལ་ལས་མཚམས་འཇོག་པའི་བྱ་སྤྱོད་ཀྱི་ཆ་ཤས་ཤིག་ཡིན་པའི་དབྱི་སི་རལ་གྱི་མཁའ་འགྲུལ་སྐྱེལ་འདྲེན་ལྟེ་གནས་ཐེ་ལ་ཝུའེ་ཕུའུ་རུ་གནས་པའི་པིན-ཀུའུ་ལི་ཨན་གནམ་ཐང་གིས་ས་གནས་དེ་གའི་དུས་ཚོད་ཟླ9པའི་ཚེས2ཉིན་གྱི་སྔ་དྲོའི་ཆུ་ཚོད8པ་ནས་བཟུང་། གནམ་ཐང་ནས་འགྲོ་འོང་བྱེད་པའི་དུས་གཏན་གནམ་གྲུ་ཚང་མ་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། མིག་སྔར་གནམ་ཐང་གཉེར་སྐྱོང་ཕྱོགས་ཀྱིས་དེའི་ཐད་གནས་སྐབས་ལན་བརྒྱབ་མེད་པ་རེད། 
             ཐེ་ལ་ཝུའེ་ཕུའུ་དང་དབྱི་སི་རལ་གྱི་ས་ཁུལ་གཞན་དག་གི་གྲོང་ཁྱེར་དོ་དམ་ཞབས་ཞུ་སྡེ་ཚན་གྱིས་ཀྱང་ཟླ9པའི་ཚེས2ཉིན་ལས་མཚམས་འཇོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཤིང་། དབྱི་སི་རལ་སྲིད་གཞུང་གིས་བཀག་ཉར་བྱས་པའི་མིའི་གནད་དོན་ལ“ལྟ་སྟངས་ནན་ཏན་འཛིན་རྒྱུའི”སྐུལ་མ་བཏང་བ་རེད།  དབྱི་སི་རལ་བཟོ་སྐྲུན་ཚོང་པའི་མཐུན་ཚོགས་ཀྱིས་ལས་མཚམས་འཇོག་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་དང་འབྲེལ་དབྱི་སི་རལ་སྲིད་གཞུང་གིས་བཀག་ཉར་བྱས་པའི་མི་བདེ་འཇགས་ངང་དབྱི་སི་རལ་དུ་འཁྲིད་ཐུབ་མེད་ཅེས་སྐྱོན་བརྗོད་ཀྱང་བྱས་པ་རེད། 
             དབྱི་སི་རལ་ངོ་རྒོལ་ཤོག་ཁག་གི་འགོ་ཁྲིད་པ་ཙུང་ལི་ཟུར་པ་ལཱ་ཕི་ཏེས་ཚེས1ཉིན་གྱི་སྔ་དྲོར་དབྱི་སི་རལ་གྱི་བཟོ་ཚོགས་གཙོ་བོ་དང་། ཚོང་ལས། གྲོང་སྲིད་དོ་དམ་བཅས་ཀྱི་ལས་དོན་མི་སྣར་ལས་མཚམས་འཇོག་རྒྱུའི་རེ་འབོད་བྱས་པ་དང་འབྲེལ་དབྱི་སི་རལ་གྱི་མང་ཚོགས་ཐེ་ལཱ་ཝུའེ་ཕུའུ་རུ་གཞི་ཁྱོན་ཆེ་བའི་རྒོལ་གཏམ་གཏོང་བའི་བྱེད་སྒོར་ཞུགས་རྒྱུའི་རེ་འབོད་བྱས་པ་དང་། དབྱི་སི་རལ་སྲིད་གཞུང་གིས་ཅ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་གང་མགྱོགས་འཇོག་དགོས་པའི་སྐུལ་མའང་བཏང་བ་རེད། 
             དབྱི་སི་རལ་ནང་ཁུལ་དུ་འགལ་བ་ཐོན་པ། 
             ཟླ9པའི་ཚེས1ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཅ་ཧྲ་ས་ཁུལ་དུ་དབྱི་སི་རལ་ཕྱོགས་ཀྱི་བཀག་ཉར་མི་སྣ6གི་ཕུང་པོ་རྙེད་པའི་བརྡ་ཁྱབ་བཏང་རྗེས། ཉིན་དེར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ཉི་ཡ་ཧུའུ་ཡིས་བཀག་ཉར་མི་སྣ་དེ་དག་གསོད་མཁན་ཕྱོགས་གྲོས་མཐུན་འཇོག་འདོད་མེད་པ་རེད་ཅེས་བཤད་པ་མ་ཟད། ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)དང“མཇུག་རྩིས”རྒྱག་རྒྱུ་ཡིན་ཞེས་བཤད་པ་རེད། 
             དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅ་ལན་ཐེས་དེ་ཉིན་ནང་བློན་ཁང་གི་ཛ་དྲག་ཚོགས་འདུ་འཚོགས་རྒྱུའི་རེ་འབོད་བྱས་ཏེ། ཅ་ཧྲ་ས་ཁུལ་དུ་བཅའ་སྡོད་དམག་དཔུང་རང་སོར་འཇོག་པ་སོགས་ཀྱི་གཏན་འབེབས་ལ་འགྱུར་ལྡོག་བཏང་ནས་བཀག་ཉར་མི་སྣ་གློད་བཀྲོལ་གཏོང་རྒྱུའི་གྲོས་མཐུན་གང་མགྱོགས་འཇོག་དགོས་ཞེས་བཤད་པ་རེད། 
             པའེ་ཏེང་གིས་ཅ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་རྒྱུའི་གྲོས་མོལ་གྲུབ་ཉེར་ཡོད་ཅེས་བརྗོད་པ། 
             སྨྱན་སྦྱོར་མང་པོ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ8པའི་ཚེས31ཉིན་ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཅ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་རྒྱུའི་གྲོས་མོལ་བྱེད་མཁན་ཕྱོགས་ཁག་གིས་གྲོས་མཐུན་གྱི་ནང་དོན་ཐད་རྩ་དོན་ཐོག་གཅིག་མཐུན་བྱུང་ཡོད་ཅེས་བརྗོད་པ་རེད། 
             གནས་ཚུལ་སྤེལ་བར་གཞིགས་ན། པའེ་ཏེང་གིས་དེ་ཉིན་ཅ་ཧྲ་རུ་དམག་མཚམས་འཇོག་རྒྱུའི་གྲོས་མོ“གྲུབ་ཉེར་ཡོད”ཅེས་བཤད་པ་དང་གྲོས་མོལ་ཕྱོགས་ཁག་གིས་གྲོས་མཐུན་འཇོག་སྲིད་པའི་ནང་དོན་ཐད“རྩ་དོན་ཐོག་མོས་མཐུན་བྱས་ཡོད”ཅེས་བཤད་པ་རེད། པའེ་ཏེང་གིས་གྲོས་མོལ་གྱི་ད་ལྟའི་དུས་མཚམས་ཀྱི་འཕེལ་རིམ་ལ“ཡག་པོ་བྱུང་སོང”ཞེས་བཤད་པ་དང་འབྲེལ་གྲོས་མོལ་བྱེད་མཁན་ཕྱོགས་ཁག་མུ་མཐུད་ཐུག་འཕྲད་བྱེད་བཞིན་ཡོད་ཅེས་བཤད་པ་རེད། 
             དེ་གོང་དབྱི་སི་རལ་ཕྱོགས་ཀྱིས་གྲོས་མོལ་ལ་འཕེལ་རིམ་བྱུང་མེད་པ་དང་། ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)ཕྱོགས་ཀྱིས“དམག་མཚམས་འཇོག་རྒྱུའི་གྲོས་མོལ་ཕམ་ཁར་འགྲོ་བཞིན་ཡོད”ཅེས་བཤད་པ་རེད། 
             ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་དབྱི་སི་རལ་གྱིས་ཡོ་ཏན་གཙང་པོའི་ནུབ་ངོགས་སུ་མུ་མཐུད་འཇབ་རྒོལ་བྱེད་རྩིས་ཡོད་ལུགས་བརྗོད་པ། 
             ཚེས1ཉིན་ཁ་ཐར་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱིས་ཉིན5བསྟུད་མར་ཡོ་ཏན་གཙང་པོའི་ནུབ་ངོགས་ཀྱི་ཅེ་ཉིང་སྐྱབས་བཅོལ་བའི་སྒར་སར་སྐོར་རྒོལ་བྱས་ནས་མི་བཅུ་ཕྲག་ཁ་ཤས་རྐྱེན་ལམ་དུ་བཏང་བ་རེད། ས་ཆ་དེར་མི་ཁྲི2ལྷག་ཙམ་སྡོད་ཀྱི་ཡོད་པ་དང་འགྲོ་ལམ་གཙོ་བོ་འདམ་བག་དང་རྫ་ལྷེབ་ཆག་གྲུམ་གྱིས་ཁེངས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་སི་རལ་གྱི་བྱ་སྤྱོད་དེས“གཏོར་བཤིག་ཧ་ཅང་ཆེན་པོ”བཟོས་ནས་དེ་གའི་མང་ཚོགས་ལ་བཟའ་བཅའ་དང་། ཆུ། གློག  དྲ་སྦྲེལ་བཅས་ཐོབ་ཐབས་བྲལ་བ་བཟོས་ཡོད་ཅེས་རྒོལ་གཏམ་བཏང་བ་རེད། 
             གནས་ཚུལ་སྤེལ་བར་གཞིགས་ན།  ཟླ8པའི་ཚེས28ཉིན་ནས་བཟུང་དབྱི་སི་རལ་དམག་དཔུང་གི་བྱ་སྤྱོད་དེས་ས་གནས་དེ་གའི་མི20ལྷག་ཙམ་རྐྱེན་ལམ་དུ་བཏང་བ་རེད། ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཚན་གྱི་གཞི་གྲངས་ལས་མངོན་པར། རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐོན་པ་ནས་བཟུང་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས་ཕ་ལེ་སི་ཐན་བ་ཁྲི4ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི9.4ལྷག་ལ་རྨས་སྐྱོན་ཕོག་ཡོད།

རྩོམ་སྒྲིག་པ། དཔལ་གཡང་།