ཉེན་རྟོག་པ་ལགས། ངའི་ཚོང་ཁང་ནང་གི་གསེར་གྱི་མཁྲིག་རྒྱན3དང་གསེར་གྱི་སྐེ་རྒྱན1བརླགས་འདུག་པ་དངུལ་སྨར་ལ་ཕབ་ན་ཁྱོན་སྒོར196520ཟིན་གྱི་ཡོད་ཅེས་ཟླ8པའི་ཚེས14ཉིན་གྱི་ཆུ་ཚོད16ཙམ་ལ། གླིང་སྐོར་བྱང་ལམ་གྱི་གསེར་ཆས་ཚོང་ཁང་ཞིག་གི་སྤྱི་ཁྱབ་ཅིང་ལི་ཝང་ལགས(འགྱུར་མིང)ཀྱིས་ཉེས་དོན་སྙན་སེང་ཞུས།
སྙན་སེང་འབྱོར་རྗེས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་མྱུལ་ཞིབ་པས་འཕྲལ་དུ་གནས་ཚུལ་ཐོན་སར་དཔང་རྟགས་འཚོལ་བར་བསྐྱོད།
རྩད་ཞིབ་བྱས་པ་བརྒྱུད། གསེར་ཆས་ཚོང་ཁང་དེའི་སྒོ་དང་སྒེའུ་ཁུང་། གསེར་འཇོག་སའི་བཙན་སྒམ་ལ་མིས་བཀན་པའི་ཤུལ་མངོན་གསལ་དོད་པོ་མེད་པ་དང་། གསེར་ཆས་ཚོང་ཁང་གི་ལས་མི་ཀྲང་ཆེ་གེ་མོས(འགྱུར་མིང)བཙན་སྒམ་དེའི་ལྡེ་མིག་བདག་པོ་རྒྱག་གི་ཡོད་ཅེས་བཤད། དེ་ནས་མྱུལ་ཞིབ་པས་བརྟག་དཔྱད་ལེགས་པར་བྱས་པ་བརྒྱུད། ཀྲང་ཆེ་གེ་མོར་ཉེས་གསོག་གི་དོགས་པ་ཆེན་པོ་ཡོད། ཟླ8པའི་ཚེས14ཉིན་ཉེས་གསོག་དོགས་ཅན་ཀྲང་ཆེ་གེ་མོ་རང་འགུལ་ངང་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་རང་ཉེས་ངོས་ལེན་ཞུ་བར་སླེབས།
བརྟག་དཔྱད་བྱས་པ་བརྒྱུད། ད་ལོའི་ཟླ་དང་པོ་ནས7པའི་བར། ཉེས་གསོག་དོགས་ཅན་ཀྲང་ཆེ་གེ་མོས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་ལས་མི་གཞན་དག་ལས་ཀར་མགོ་འཁོར་བའི་སྐབས་དང་བསྟུན་ནས་སྔ་རྗེས་སུ་ཚོང་ཁང་ནས་ཁྱོན་སྒོར196520རི་བའི་གསེར་ཁེ343.4(གསེར་གྱི་མཁྲིག་རྒྱན3དང་སྐེ་རྒྱན1)བརྐུས་པ་དང་སྦྲགས། བར་ཚོང་བརྒྱབ་པའི་ཉེས་གསོག་དོན་དངོས་རྩད་ཆོད་པ་རེད།
མི་དམངས་ཉེན་རྟོག་པས་འདྲི་རྩད་ཞིབ་ཕྲ་བྱས་པ་བརྒྱུད། ད་དུང་ཟླ8པའི་ཚེས13ཉིན། ཉེས་གསོག་དོགས་ཅན་ཀྲང་ཆེ་གེ་མོས་གསེར་ཉོ་བར་ཁ་གཡར་ནས་ལས་རོགས་ཟླ་ཆེ་གེ་མོར་དངུལ་སྒོར40000མགོ་སྐོར་བཏང་བའི་ཉེས་གསོག་དོན་དངོས་ཀྱང་རྩད་ཆོད་པ་རེད།
མིག་སྔར། ཉེས་གསོག་དོགས་ཅན་ཀྲང་ཆེ་གེ་མོ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། ད་ལྟ་གསེར་ཁེ250.88འདེད་ལེན་ཐུབ་པ་དང་གསེར་ལྷག་འཕྲོའི་རིན་གོང་ཀྲང་ཆེ་གེ་མོས་དངུལ་སྨར་གྱིས་སྐྱིན་ཚབ་འཇལ་བ་རེད། མིག་སྔར་གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། དཔལ་གཡང་།