ལྷོ་ཁའི་རྫོང་འདིར་མྱུར་སྐྱེལ་ཚང་མ་འབྱོར་ཐུབ།
སྤེལ་དུས 2024-09-20
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཟླ9པའི་ཚེས14ཉིན། སྦྲག་སྐྱེལ་རླངས་འཁོར་ཞིག་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི4500ཟིན་པའི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་འབའ་ཞང་ཕྱུགས་བབས་གྲོང་ཚོ་རུ་དུས་ཐོག་ཏུ་འབྱོར། གྲོང་མི་དོན་གྲུབ་རྡོ་རྗེ་ནི་དུས་རྒྱུན་དུ་དྲ་ཐོག་ནས་དངོས་པོ་ཉོ་རྒྱུ་དགའ་བས། སྔོན་ཆད་ཁོང་དང་གྲོང་ཚོའི་མི་ཚོ་རྫོང་ཐོག་ཏུ་སོང་ནས་མྱུར་སྐྱེལ་དངོས་པོ་དེ་ལེན་དགོས་ཤིང་། དངོས་རྫས་ཉོས་ནས་ལག་ཏུ་འབྱོར་བའི་བར་དུ་མ་མཐའ་ཡང་ཉིན10ཡི་དུས་ཚོད་དགོས། ད་ཆ་ཁོང་ནི་རྫོང་ཡོངས་ཀྱི་ཞིང་འབྲོག་པ་དང་འདྲ་བར་རང་ཁྱིམ་གྱི་སྒོ་འགྲམ་དུ་བསྐུར་དངོས་འབྱོར་ཐུབ་ཀྱི་ཡོད།
ད་ལོ་རྒྱ་ཚ་རྫོང་གིས་སྲིད་འཛིན་གྲོང་ཚོ72དང་དགོན་སྡེ8ནི་ཡན་ལག་ཏུ་བྱས་ནས་མྱུར་སྐྱེལ་སྐྱེལ་སྤྲོད་ས་ཚིགས126བཙུགས་ཡོད་པ་དང་། རྫོང་ནང་དུ་མྱུར་སྐྱེལ་ཡན་ལག་ལྟེ་གནས་ཡོད་ཅིང་། ཞང་གྲོང(ཁྲོམ་གཞུང)དུ་མྱུར་སྐྱེལ་ཞབས་ཞུའི་དྲ་ཚུགས། གྲོང་ཚོ(སྡེ་ཁུལ)རུ་མྱུར་སྐྱེལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཡོད་པའི་རིམ་གསུམ་ཅན་གྱི་གྲོང་གསེབ་སྦྲག་བསྐུར་ཟོག་སྐྱེལ་ཞབས་ཞུའི་མ་ལག་ཅིག་གྲུབ་ཡོད། རྒྱ་ཚ་རྫོང་ནི་བོད་ལྗོངས་ཀྱི་མྱུར་སྐྱེལ་སྤུས་རྟགས་ཁྱོན་ཡོངས་ལ་ཁྱབ་པ་དང་། སྲིད་འཛིན་གྲོང་ཚོ་ཁྱོན་ཡོངས་ལ་ཁྱབ་པ། རིམ་གསུམ་མྱུར་སྐྱེལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཁྱོན་ཡོངས་ལ་ཁྱབ་པའི་རྫོང་ཐོག་མ་དེར་གྱུར་ཞིང་། ཀྲུང་ཐུང་དང་། ཡོན་ཐུང་། ཧྲེན་ཐུང་། ཡུན་ཏ། ཅིང་ཏུང་། ཧྲུན་ཧྥུང་། ཅི་ཐུའོ། སྦྲག་སྲིད་སོགས་མྱུར་སྐྱེལ་སྤུས་རྟགས8རྫོང་ནས་ཞང་གྲོང་ལ་ཐད་ཀར་འབྱོར་བར་མངོན་འགྱུར་བྱུང་།
རྒྱ་ཚ་རྫོང་ལྷ་གསོལ་ཞང་རྒྱུན་འགྲུལ་པ་གྲོང་ཚོའི་གྲོང་གསེབ་ཀྱི་ཆེད་ལས་པ་དབྱངས་ཅན་གྱིས“མྱུར་སྐྱེལ་གྲོང་ཚོར་རུ་འབྱོར་རྗེས་སུ། འདི་གའི་གྲོང་མི་ཚོས་མྱུར་སྐྱེལ་ཀུང་སི་ཆེ་གྲས་ཁག་བརྒྱུད་ནས་དངོས་རྫས་དུས་ཐོག་ཏུ་བསྐུར་ཐུབ་ཀྱིན་ཡོད་ཅིང་། ང་ཚོའི་དབྱར་རྩྭ་དགུན་འབུ་དང་། སྟར་ཁ། ཚགས་ཤ་སོགས་ཁྱད་ལྡན་ཐོན་རྫས་མགྱོགས་མྱུར་ངང་རྒྱལ་ཡོངས་ས་གནས་ཁག་གི་སྐུ་མགྲོན་ཚོའི་ལག་ཐོག་ཏུ་སྐྱེལ་ཐུབ་པས་ཧ་ཅང་སྟབས་བདེ”ཞེས་བཤད།
ཐུམ་སྒྲིལ་ཆུང་ངུ་དེའི་ནང་དུ་དམངས་འཚོ་ཆེན་པོ་ཚུད་ཅིང་། ས་ཚིགས་ཆུང་ངུ་དེ་ཡིས་བདེ་སྐྱིད་ཆེན་པོ་ཚུར་ལ་སྐྱེལ་ཡོང་ཡོད། བོད་ལྗོངས་ཀྱི་གྲོང་གསེབ་འགྲོ་ལམ་ཐོག་ཕར་འགྲོ་ཚུར་འོང་བྱེད་པའི་མྱུར་སྐྱེལ་རླངས་འཁོར་རེ་རེ་ཡིས། བོད་ལྗོངས་ཀྱི་ཞིང་འབྲོག་པས་མཛེས་སྡུག་གི་འཚོ་བ་ལ་བཅངས་བའི་རེ་སྒུག་དེ་མཚོན་ཡོད་ལ། ལེ་དབར་སྟོང་བརྒྱུད་ནས་མང་ཚོགས་ཀྱི་ལག་ཏུ་འབྱོར་བའི་ཐུམ་སྒྲིལ་རེ་རེ་ཡིས་ཞིང་འབྲོག་པས་རྒྱང་རིང་ལ་ཕྱོགས་པའི་ཡིད་སྨོན་དེ་མཚོན་ཡོད།