ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་ས་གནས་ཁག་གིས་ཟླ་མཆོད་དུས་ཆེན་རོལ་བ།

སྤེལ་དུས 2024-09-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
  
            ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉང་ཆུ་གཙང་པོའི་ངོགས་ནས་མཐོང་བའི་ཟླ་མཆོད་དུས་ཆེན་གྱི་ཉ་གང་ཟླ་བ།

  ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་གྲོང་མི་དང་ཡུལ་སྐོར་བ་ཚོས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
            བསིལ་རླུང་དལ་བུར་ལྡང་ཞིང་མེ་ཏོག་གི་དྲི་ཞིམ་འཐུལ། ལོ་གཅིག་དུས་གཅིག་གི་ཟླ་མཆོད་དུས་ཆེན་ངམ་གྱིས་འཆར་ཞིང་། བོད་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཟླ་མཆོད་དུས་ཆེན་དགའ་གཏོང་བྱས་ཡོད།
            ཟླ9པའི་ཚེས13ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འོ་བརྒྱལ་ཐང་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་འབྲེལ་ཡོད་ཚན་པ་དང་ཚོང་དུད། གྲངས་ཉུང་མི་རིགས་ཀྱི་འཐུས་མི། གྲོང་མིའི་འཐུས་མི། སྡེ་ཁུལ་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པ་སོགས་གདན་དྲངས་ཏེ“ང་ཚོའི་ཟླ་མཆོད་དུས་ཆེན་དང་ཀྲུང་ཧྭ་མི་རིགས་རྩ་བ་གཅིག་དང་འབྱུང་ཁུངས་གཅིག མི་རིགས་ཁག་གི་མང་ཚོགས་ཁྲག་རྒྱུན་གཅིག་ཏུ་འབྲེལ”ཞེས་པའི་བྱེད་སྒོ་སྤེལ་ཡོད།
            བྱེད་སྒོའི་ཡུལ་དངོས་སུ་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་ཞབས་ཞུ་བས་བོད་ལྗོངས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྒྲ་སྙན་དཀྲོལ་བ་དང་མཉམ་གཞས《ཨ་མ་གཅིག་གི་བུ་མོ》ལེན་པས་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད། དེ་དང་ཆབས་ཅིག“རྒན་རྒོན་གཅིག་དང་བྱིས་པ་གཅིག”གི་ཞབས་ཞུ་ཡག་པོ་བསྒྲུབ་ཆེད། ཡ་པོ་ཧྲི་ཁ་སྦུག་སྨན་ཁང་གི་སྨན་དོན་མི་སྣས་སྡེ་ཁུལ་གྱི་རྒན་རྒོན་དང་ཕྲུ་གུ་ཚོར་རིན་མེད་ངང་ཁ་ནད་བརྟག་དཔྱད་དང་སོར་བདག་གཅེས་ཀྱི་ཤེས་བྱ་གསལ་འགྲེལ་བྱས་པ་མ་ཟད། ད་དུང་སྐྲ་བཞར་མཁན་གྱིས་སྡེ་ཁུལ་གྱི་རྒན་རྒོན་ཚོར་རིན་མེད་ངང་སྐྲ་བཞར་རོགས་ཀྱང་བྱས་ཡོད།
            ཉེ་ཆར། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལྟ་སྐུལ་ཞིབ་བཤེར་ཁང་དང་པོས“གཅིག་སེམས་གཅིག་སྦྲེལ་གྱིས་ཟླ་མཆོད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི”བྱེད་སྒོ་སྤེལ་ནས། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་འཁྱག་ཞང་བུ་བཅོལ་ཁང་ལ་སྒོར2000ལྷག་ཙམ་གྱི་སློབ་སྦྱོང་ཡོ་བྱད་དང་དཔེ་དེབ་སོགས་དངོས་ཟོག་ཞལ་འདེབས་བརྒྱབ་ཡོད།
            དེ་སྔོན་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལྟ་སྐུལ་ཞིབ་བཤེར་ཁང་དང་པོས་ཕྲུ་གུ་ཚོའི་ལོ་ན་ཆེ་ཆུང་དང་ད་ལྟའི་དུས་མཚམས་ཀྱི་དགོས་མཁོར་གཞིགས་ཏེ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཕྲུ་གུ་ཚོར་མི་རིགས་མཐུན་སྒྲིལ་སྐོར་གྱི་དཔེ་དེབ་དང་རྩེད་ཆས། འཚོ་བའི་མཁོ་ཆས་བཅས་བསྡུ་རུབ་ཀྱིས་ཕྲུ་གུ་ཚོར་ཟླ་མཆོད་དུས་ཆེན་གྱི་ལག་རྟགས་ཐུན་མོང་མ་ཡིན་པ་ཞིག་གྲ་སྒྲིག་བྱས་ཡོད།
            ཟླ་མཆོད་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་ཀོང་པོ་རྒྱ་མདའ་རྫོང་ཐའེ་ཀྲའོ་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ“རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་བསྐྱར་དར་ཡོང་བར་འབད། བརྩེ་སེམས་ཀྱིས་ཕྱུག་པའི་ཉ་གང་ཟླ་བས་ལ་ཁའི་ཉི་མ་རབ་ཏུ་བརྒྱན། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱལ་སྟོན་ལ་བསུ་བ་ཞུ”བའི་ཟླ་མཆོད་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ། གྲོང་ཚོའི་རྒན་རྒོན་དང་ཐའེ་ཀྲའོ་རུ་ཚོང་རྒྱག་མཁན་གྱི་ཚོང་དུད་སོགས་ཐའེ་ཀྲའོ་གྲོང་ཚོའི་བདེ་སྐྱིད་ཁང་དུ་བྱེད་སྒོར་ཞུགས་རྒྱུར་གདན་དྲངས་ཡོད།
            དང་བླངས་པ་ཚོས་ལས་བགོས་རོགས་རེས་བྱས་ནས་ཚང་མར་བྲོ་ཞིམ་ལྟོ་ཆས་དང་སྐྱེས་སྐར་གྱི་བག་ལེབ་ཁྱེར་ནས་རྒན་རྒོན་ཚོར་མཉམ་དུ་སྐྱེས་སྐར་རོལ་ཡོད། དང་བླངས་པ་ཚོས་ད་དུང་ཚང་མར་ཟླ་མཆོད་དུས་ཆེན་སྐོར་གྱི་འབྲེལ་ཡོད་ཤེས་བྱ་སྟེ་ཟླ་མཆོད་དུས་ཆེན་གྱི་འབྱུང་ཁུངས་དང་། སྲོལ་རྒྱུན་གོམས་སྲོལ། ཟླ་མཆོད་དུས་ཆེན་གྱི་རིག་གནས་ཀྱི་ནང་དོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དབར་གྱི་འབྲེལ་བ་སོགས་ཚུད་པ་གསལ་འགྲེལ་བྱས་ཡོད། དེ་རྗེས་སྤེལ་བའི་ཚོད་དཔག་བྱེད་སྒོའི་ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་དུ་ཕྱིན་ཞིང་། ཟླ་མཆོད་དུས་ཆེན་གྱི་སྲོལ་རྒྱུན་རིག་གནས་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ནང་དོན་དང་བོད་ཡིག་གི་གབ་ལན་འཚོལ་བ་གཉིས་མཉམ་དུ་སྤེལ་བས། བྱེད་སྒོ་ཧྲིལ་པོ་དགའ་སྤྲོ་དང་མཛའ་བརྩེ། ཕུན་ཚོགས། མཉམ་འཛོམས། བཀྲ་ཤིས་བཅས་ཀྱི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད།
            ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཤེས་དཔལ་ཞི་མཐུན་དང་བཀྲ་ཤིས་མཉམ་འཛོམས་ཀྱི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་ཆེད། ཟླ9པའི་ཚེས17ཉིན། ནག་ཆུ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། མི་རིགས་ཁག་གིས་ཟླ་མཆོད་དུས་ཆེན་མཉམ་དུ་དགའ་གཏོང་བྱེད”ཅེས་པའི་བྱེད་སྒོ་སྤེལ་ཡོད། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི200ལྷག་ཙམ་བྱེད་སྒོར་ཞུགས་ནས་ཚང་མ་མཉམ་འཛོམས་ཀྱིས་མི་རིགས་མཐུན་སྒྲིལ་སྐོར་མཉམ་དུ་གླེང་བ་དང་སྲོལ་རྒྱུན་གྱི་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་ཡོད།
            “སྨན་ཁང་གིས་མི་རིགས་ཁག་གི་མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་མ་ཟད། ད་དུང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་རྒྱུན་གཏན་ལས་ཀའི་ཁྲོད་དུའང་མཉམ་འདྲེས་བྱས་ནས། མི་རིགས་ཁག་གི་ལས་བྱེད་པ་དང་ལས་བཟོ་བའི་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་དབར་ཤེས་རྟོགས་དང་ཡིད་ཆེས་ཟབ་ཏུ་བཏང་སྟེ་ཞི་མཐུན་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་མཉམ་དུ་གཏོད་དགོས། ང་ཚོས་དུས་ཡུན་རིང་པོའི་ནང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་འོས་འགན་སྨན་བཅོས་ཀྱི་ཞབས་ཞུ་རྒྱུན་མཐུད་ངང་མང་དུ་སྤེལ་ནས། བྱང་ཐང་གི་མང་ཚོགས་དང་མི་སེར་ཚང་མར་བདེ་ཐང་དང་བདེ་སྐྱིད་ཐོབ་ཐབས་བྱས་ཏེ་གཅེས་སེམས་བརྒྱུད་སྤྲོད་བྱེད་ཐེངས་རེ་རེའི་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་བས་ཟབ་ཏུ་བཏང་ཡོད”ཅེས་ནག་ཆུ་གྲོང་ཁྱེར་དམངས་ཕན་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཡའོ་ཀའོ་ཆི་ཡིས་བཤད།