ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དཀར་མཛེས་གེ་སར་གནམ་ཐང་དུ་གནམ་གྲུ་བཏང་ནས་ལོ5འཁོར་བ།

སྤེལ་དུས 2024-09-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
            ཟླ9པའི་ཚེས16ཉིན་ནི་དཀར་མཛེས་གེ་སར་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་ལྔ་འཁོར་བའི་ཉིན་མོ་ཡིན། ལོ་ལྔའི་གོང་གི་དུས་དེར། གནམ་གྲུ་ཞིག་བརྟན་པོའི་ངང་གནམ་ཐང་དུ་བབས་པ་དང་སྦྲགས་དཀར་མཛེས་གེ་སར་གནམ་ཐང་དུ་དངོས་སུ་གནམ་གྲུ་ཤར་གཏོང་ཐུབ་ཡོད། ལོ་ལྔའི་ཆར་རླུང་འདྲེས་མའི་ལོ་རྒྱུས་ཁྲོད་གེ་སར་གནམ་ཐང་གི་ལས་མི་ཡོངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱས་པ་དང་། དཀར་མཛེས་རྫོང་ཨུད་དང་སྲིད་གཞུང་གི་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་བརྒྱུད་སྐྱེལ་འདྲེན་ཐོན་སྐྱེད་བརྟན་པོའི་ངང་གཉེར་སྐྱོང་ཐུབ་པ་དང་། བདེ་འཇགས་འགན་ལེན་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་པ། གཉེར་སྐྱོང་དོ་དམ་མངོན་གསལ་དོད་པོས་འཐུས་ཚང་ཕྱིན་པ། ཕྱོགས་བསྡུས་འགན་ལེན་ནུས་པ་དང་ཞབས་ཞུའི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ་བཅས་བྱུང་ཡོད། དཀར་མཛེས་གེ་སར་གནམ་ཐང་གི་ལས་བཟོ་བ་ཡོངས་ཀྱིས་འདས་ཟིན་པའི་ལོ་ལྔའི་ནང“རྡོ་ལ་རྐང་རྗེས་འཇོག་པ་དང་ལྕགས་ལ་ཤུར་ཁ་ཐོན་པ་བྱེད་པའི”སྙིང་སྟོབས་ཐོག་ནས། གནམ་ཐང་གསར་རྐྱང་ཞིག་ནས་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་པའི་བར་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུའི་དཔང་པོ་བྱས།
            དཀར་མཛེས་གེ་སར་གནམ་ཐང་ཕྱོགས་བསྡུས་དོ་དམ་པུའི་ཀྲུའུ་རེན་བསོད་ནམས་བདེ་སྐྱིད་ཀྱིས། གེ་སར་གནམ་ཐང་གིས་སི་ཁྲོན་གནམ་ཐང་ཚོགས་པའི་བདེ་འཇགས་དང་ཞབས་ཞུའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བདེ་འཇགས་དོ་དམ་ནུས་པ་དང་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། དེ་བས་ནན་པའི་རྣམ་འགྱུར་ཐོག་ནས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུའི་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་ནས་ཡུལ་སྐོར་བར་དྲོ་སྐྱིད་སྦྱིན་པའི་ཞབས་འདེགས་ཡག་པོ་ཞུ་རྒྱུ་ཡིན། འཕེལ་རྒྱས་ཀྱི་ལམ་བུའི་ཐོག་མཁའ་ལམ་དྲ་རྒྱ་ལེགས་སུ་ཧུར་ཐག་བཏང་ནས་ཁམས་བྱང་རྒྱུད་ས་ཁུལ་གྱི་དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དེ་བས་བདེ་འཇགས་དང་། དེ་བས་སྤུས་ལེགས། དེ་བས་གསོན་ཤུགས་ལྡན་པ་བཅས་ཀྱི་ས་མཐོའི་གནམ་ཐང་ཞིག་བསྐྲུན་རྒྱུ་ཡིན་ཞེས་གསུངས།
            དཀར་མཛེས་གེ་སར་གནམ་ཐང་བསྐྲུན་ནས་གནམ་གྲུ་ཤར་གཏོང་ཐུབ་པ་དེས་རྒྱལ་ལམ317དང་ཉེ་འཁོར་གྱི་ལམ་དྲའང་དེ་བས་འཐུས་སྒོ་ཚང་དུ་བཏང་ཡོད། སྟབས་བདེ་བའི་འགྲིམ་འགྲུལ་གྱིས་ཁེ་ལས་མང་པོ་ཞིག་རྟོག་ཞིབ་དང་མ་འཇོག་བྱེད་པར་ཡོང་རྒྱུར་ཡིད་དབང་བཀུག་ནས་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ལ། དེ་དང་ཆབས་ཅིག་ཟོག་འགྲེམས་སྐྱེལ་འདྲེན་ཡང་དེ་བས་ནུས་ཆེ་རུ་ཕྱིན་ནས་དཀར་མཛེས་ཀྱི་སྤུས་ལེགས་ཞིང་ལས་ཐོན་ཟོག་དང་ཁྱད་ལྡན་ལག་ཤེས་ཐོན་རྫས་སོགས་ཁྲོམ་རའི་ཐོག་མགྱོགས་མྱུར་སྐྱོད་ཐུབ་པ་བྱུང་ཡོད། ས་གནས་ཁག་ནས་ཡོང་བའི་མཁས་དབང་དང་སྒྱུ་རྩལ་མཁས་ཅན་ཡང་དེ་གར་གཅིག་རྗེས་གཉིས་མཐུད་ངང་ཡོང་ནས་བོད་ཀྱི་རིག་གནས་ལ་ཞིབ་འཇུག་དང་སྔོག་འདོན་གཏིང་ཟབ་བྱས་ཏེ། ས་ཁུལ་མི་འདྲ་བའི་རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ལོ་ལྔའི་རིང་དཀར་མཛེས་ཀྱི་ཡུལ་སྐོར་བའི་མི་གྲངས་ལོ་རེ་བཞིན་མང་དུ་ཕྱིན་པ་དང་ཡུལ་སྐོར་ཡོང་འབབ་ཀྱང་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད། ཡུལ་སྐོར་བ་སྔར་བས་མང་པོ་ཞིག་གིས་དེ་གར་རང་བྱུང་ཁམས་ཆེ་མོའི་བརྗིད་ཆགས་ཡིད་དུ་འོང་བའི་མཛེས་ལྗོངས་དང་གཏིང་ཟབ་པའི་མི་རིགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་ཐུབ་ནས་དཀར་མཛེས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
            ང་ནི་ཁྲེང་ཏུའུ་ནས་གཞུང་དོན་དུ་འགྲོ་བར་ཡོང་བ་ཡིན། ངའི་ལས་ཀའི་ངོ་བོར་རྟག་ཏུ་དཀར་མཛེས་སུ་འགྲོ་དགོས་ཀྱི་ཡོད། དེ་སྔོན་གནམ་ཐང་མེད་པར་རང་ཉིད་ཀྱིས་རླངས་འཁོར་གཏོང་བའམ་ཡང་ན་རླངས་འཁོར་སྡོད་དགོས་གི་ཡོད། རླངས་འཁོར་བཏང་ན་ཉིན་དགུང་གི་ངལ་གསོའི་དུས་ཚོད་ཕུད་ཆུ་ཚོད15ཙམ་གཏོང་དགོས་ཀྱི་ཡོད། སྟབས་བདེ་པོ་མེད་པའི་ཁར་མི་ཡང་དཀའ་ལས་ཁག་གི་འདུག ད་ལྟ་གནམ་ཐང་ཡོད་པས་ཁྲེང་ཏུའུ་ནས་འཕུར་ན་ཆུ་ཚོད་གཅིག་ཙམ་ལ་འདིར་སླེབས་ཀྱི་ཡོད། གནམ་ཐང་ནས་སྤྱི་སྤྱོད་རླངས་འཁོར་བསྡད་ན་ཐད་ཀར་རྫོང་ཐོག་ལ་ཐོན་ཐུབ། ད་ལྟ་ཧ་ཅང་སྟབས་བདེ་ཡིན་པས། ལམ་བར་དུ་བྲེལ་བ་ལངས་མི་དགོས། གནམ་ཐང་འདི་ཡོད་རྐྱེ་ཚང་མར་སྟབས་བདེ་ཆེན་པོ་བསྐྲུན་འདུག་ཅེས་འགྲུལ་པ་ཚའོ་ཧོན་གྱིས་དེ་ལྟར་བཤད།
            འདས་ཟིན་པའི་ལོ་ལྔའི་ནང་གེ་སར་གནམ་ཐང་གིས“ས་མཐོར་གཞི་ཚུགས་པ་དང་ས་གནས་ལ་ཞབས་འདེགས་ཞུ་བའི”འཕེལ་རྒྱས་ཀྱི་དམིགས་ཡུལ་རྒྱུན་འཛིན་བྱས་ཏེ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུས་པ་དང་བརྗེ་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། དཀར་མཛེས་ཁུལ་བྱང་ལམ་རྫོང་བརྒྱད་ཀྱི་ས་ཁོངས་གཟུགས་བརྙན་དང་སྐད་གྲགས་ཆོད་ཚད་མཐོ་རུ་བཏང་བ་མ་ཟད། ཕྱི་ཕྱོགས་ལ་ས་ཁུལ་དེའི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་ཀྱང་བསྟན་པ་རེད། དུས་མཚམས་རྗེས་མར“འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ”ཀྱི་འཐབ་ཇུས་ལག་བསྟར་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས། རྣམ་པ་གསར་པ་གཏོད་པ་དང་གསོན་ཤུགས་གསར་པ་འཕེལ་བ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། དཀར་མཛེས་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་ལ་སླར་ཡང་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལེའུ་ཞིག་བརྩམ་རྒྱུ་རེད།