ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་སུ་རིག་དངོས་ས་ཚིགས301གསར་དུ་རྙེད་འདུག

སྤེལ་དུས 2024-10-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་བཞི་པའི་དུས་མཚམས་གཉིས་པའི་ལས་དོན་དེ་ལོ་མཇུག་གི་མཐའ་མའི་ལས་མཚམས་སུ་སླེབས་ཤིང་། མིག་སྔར། བོད་ལྗོངས་ཀྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས18ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཁག་བརྟན་པོའི་ངང་སྤེལ་བཞིན་ཡོད།  མིག་སྔའི་བར་གནའ་བོའི་རིག་གནས་རྗེས་ཤུལ་དང་། གནའ་བོའི་བང་སོ། གནའ་བོའི་སྐྲུན་དངོས། བྲག་ཕུག་ལྷ་ཁང་། རྡོ་བརྐོས། ཉེ་རབས་དང་དེང་རབས་ཀྱི་གལ་ཆེའི་ལོ་རྒྱུས་རྗེས་ཤུལ། མཚོན་བྱེད་རང་བཞིན་གྱི་སྐྲུན་དངོས་སོགས་གནས་སྤོ་མི་ཐུབ་པའི་རིག་དངོས301གསར་དུ་རྙེད་ཡོད་པ་རེད།
       གཞིས་ཀ་རྩེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་གཞི་གྲངས་ལས་མངོན་པར། མིག་སྔའི་བར་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རིག་དངོས་ས་ཚིགས1088ཀྱི་ཡུལ་དངོས་སུ་བརྟག་ཞིབ་དང་གཞི་གྲངས་འཚོལ་བསྡུའི་ལས་དོན་ལེགས་གྲུབ་བྱས་པའི་ནང་། རིག་དངོས་ཡོངས་བཤེར་ལས་དོན་ཐེངས་གསུམ་པའི་རིག་དངོས་ས་ཚིགས519ལ་བསྐྱར་ཞིབ་བྱས་པ་དེས། སྤྱིའི་ལས་འགན་གྱི་བརྒྱ་ཆའི59ཟིན་པ་དང་། 2012ལོ་ནས་བཟུང་རིག་དངོས་ས་ཚིགས268གསར་དུ་རྙེད་ནས་སྤྱིའི་ལས་འགན་གྱི་བརྒྱ་ཆའི46ལེགས་འགྲུབ་བྱུང་ཡོད།
       གཞིས་ཀ་རྩེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་རིག་དངོས་སྲུང་སྐྱོབ་དང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཕུན་ཚོགས་དར་རྒྱས་ཀྱིས། གཞིས་ཀ་རྩེ་གྲོང་ཁྱེར་གྱི་རིག་གནས་ནང་དོན་གཏིང་ཟབ་པ་དང་། གནས་སྤོ་མི་ཐུབ་པའི་རིག་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པའི་རིག་དངོས་རིགས་སྣ་ཚོགས་ཡོད། ད་ཐེངས་ཀྱི་རིག་དངོས་ཡོངས་བཤེར་ལས་དོན་ལས། ང་ཚོས་གཞི་རིམ་རིག་དངོས་ཀྱི་གྲངས་འབོར་དང་ཉར་ཚགས་གནས་ཚུལ་སོགས་ལ་སྔར་བས་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ཤེས་རྟོགས་བྱུང་བར་མ་ཟད། ང་ཚོས་ཕུལ་བྱུང་གི་གཞི་རིམ་རིག་དངོས་སྲུང་སྐྱོབ་ལས་དོན་གྱི་རྐང་འཛིན་པ་ཁག་ཅིག་ལ་སྦྱོང་བརྡར་དང་གསོ་སྐྱོང་ཡང་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་རིང་། རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་གསུམ་པ་བྱས་རྗེས་གཏན་འཁེལ་དང་ཐོ་འགོད་བྱས་པའི་གནས་སྤོ་མི་ཐུབ་པའི་རིག་དངོས4277ལ་བསྐྱར་ཞིབ་བྱ་རྒྱུ་དང་ཆབས་ཅིག དེའི་སྔོན་ལ་ཐོ་འགོད་བྱས་མེད་པ་དང2012ལོ་ཚུན་གསར་དུ་ཤེས་རྟོགས་བྱུང་བའི་གནས་སྤོ་མི་ཐུབ་པའི་རིག་དངོས་ལ་བརྟག་དཔྱད་དང་། ངོས་འཛིན། ཐོ་འགོད་བཅས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།