ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་སུ་སྐུ་མགྲོན་མང་པོ་ཕེབས་ནས་བྱེད་སྒོ་ཆེན་པོ་ཞིག་་་

སྤེལ་དུས 2024-10-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

        ཟླ10པའི་ཚེས9ཉིན།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས༼ལ་ཀླུང་བརྒལ་ནས་བསྐྱོད།  སྐལ་བཟང་མེ་ཏོག་རྣམ་པར་བཞད།  རླངས་འཁོར་ལ་བསྡད་ནས་ཀྲུང་གོར་བལྟ།  བོད་ལྗོངས་ཀྱི་ལེའུ༽ཞེས་པའི་མཉམ་འདྲེས་སྨྱན་སྦྱོར་གྱི་བྱེད་སྒོ་ཆེན་པོ་ཞིག་པེ་ཅིང་དུ་འགོ་ཚུགས་ཡོད།  ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་འཛིན་ཧྲེན་ཧའེ་ཞུང་བྱེད་སྒོར་ཞུགས་པ་མ་ཟད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད།  དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧའེ་ཀྲོའུ་དང་། པེ་ཅིང་གྲོང་ཨུད་ཀྱི་རྒྱུན་ཨུད།  དྲུང་ཡིག་ཆེ་མོ་ཀྲའོ་ལའེ།  ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་སོགས་སྐུ་མགྲོན་དང་ལྷན་དུ་མཉམ་འདྲེས་སྨྱན་སྦྱོར་གྱི་བྱེད་སྒོ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་རྩོམ་སྒྲིག་ལས་དོན་གྲོས་ཚོགས་ཀྱི་ཁོངས་མི་ཕེང་ཅན་མིང་དང་ཀྲོའུ་ཀྲེན་ཧུང་བྱེད་སྒོར་ཞུགས་ཡོད། 

        ༼ལ་ཀླུང་བརྒལ་ནས་བསྐྱོད།  སྐལ་བཟང་མེ་ཏོག་རྣམ་པར་བཞད།  རླངས་འཁོར་ལ་བསྡད་ནས་ཀྲུང་གོར་བལྟ།  བོད་ལྗོངས་ཀྱི་ལེའུ༽ཞེས་པའི་མཉམ་འདྲེས་སྨྱན་སྦྱོར་གྱི་བྱེད་སྒོ་དེ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བལྟ་ཉན་སྨྱན་སྦྱོར་གསར་པའི་ལྟེ་གནས།  དབྱིན་ཡིག་གོ་ལ་ཧྲིལ་པོའི་ལེ་ཚན་ལྟེ་གནས༼CGTN༽ བོད་ལྗོངས་སྤྱི་ཁྱབ་ས་ཚིགས། པེ་ཅིང་སྤྱི་ཁྱབ་ས་ཚིགས།  བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སོགས་ཚན་པས་མཉམ་དུ་བཏོན་པ་ཞིག་ཡིན་པ་དང་།   སླད་ཕྱིན་གྱི་དུས་ཚོད་ནང་བོད་ལྗོངས་དང་ལས་འབྲེལ་དམ་ཟབ་ལྡན་པའི་སྐུ་མགྲོན་ཁག་གཅིག་གདན་དྲངས་ནས་གསར་འགྱུར་འགོད་སྤེལ་རླངས་འཁོར་རུ་ཁག་བཙུགས་ཏེ་ཟླ10པའི་ཚེས11ཉིན་ནས་བཟུང་།  ཉིན14རིང་ཐད་གཏོང་དང་བརྙན་མཐོང་མུ་འབྲེལ་ལེ་ཚན་གྱི་རྣམ་པའི་ཐོག་ནས་དྲ་གྲོགས་ཚོར་བོད་ལྗོངས་སུ་ཡུལ་སྐོར་ལ་བསྐྱོད་པའི་ལམ་ཐིག་ངོ་སྤྲོད་ཞུ་རྒྱུ་དང་།  བོད་ལྗོངས་ཀྱི་རང་བྱུང་མཛེས་ལྗོངས་དང་།  ལོ་རྒྱུས་དང་མི་ཆོས་རིག་གནས་ཀྱི་མཛེས་པ།  མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་ཀྱི་མཛེས་པ།  ཁོག་ཡངས་སྒོ་དབྱེའི་མཛེས་པ་བཅས་ངོ་སྤྲོད་གང་ལེགས་ཞུས་ཏེ།  བོད་ལྗོངས་ཡུལ་སྐོར་གྱི་ཚ་རླབས་སྔར་ལས་ལྷག་པའི་སྒོ་ནས་འཕྱུར་བར་བྱེད་པ་དང་།  བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་གྱི་ཐོན་ལས་སྤུས་མཐོའི་གོང་འཕེལ་དང་རིག་གནས་སྤེལ་རེས་ལ་སྒུལ་ནུས་གསར་པ་སྣོན་པ་དང་།  བར་ཁམས་གསར་པ་གཏོད་པ།  སྟེགས་བུ་གསར་པ་བསྐྲུན་པ་བཅས་བྱ་རྒྱུར་ཤུགས་སྣོན་རྒྱུ་རེད།  འཛམ་གླིང་ཡང་རྩེའི་ཇོ་རིའི་སྙན་ངག་དང་རོལ་དབྱངས་འདུ་ཚོགས་ཀྱི་ཐོག་མའི་བྱེད་སྒོ་དེ་ཟླ10པའི་ཚེས11ཉིན་ཇོ་རིའི་འདབས་ཀྱི་དཔའ་གསུམ་གྲོང་ཚོར་གཉེར་རྒྱུ་ཡིན་ཞིང་།  རོལ་དབྱངས་དང་སྙན་ངག་གི་ལམ་ནས་འཛམ་གླིང་ལ་མཛེས་སྡུག་ལྟ་ན་སྡུག་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ངོ་སྤྲོད་ཞུ་རྒྱུ་ཡིན་པ་རེད།

        དེ་ཡང་བོད་ལྗོངས་ཀྱི་རི་རབ་དང་ཆུ་བོ་དུ་མས་གངས་ལྗོངས་ས་མཐོའི་འཕོ་འགྱུར་གྱི་དཔང་པོ་མཛད་ཡོད་ལ། དཔའ་རྒོད་དུ་མས་གནས་དེ་རུ་ཞབས་རྗེས་བཞག་གནང་བར་ཡང་བདེན་དཔང་བྱས་ཡོད།  ཆབ་མདོའི་གནམ་སྔོན་སྤྲིན་དཀར་དང་།  གཞིས་རྩེའི་མཐོ་ཞིང་བརྗིད་པའི་གངས་རི།  མངའ་རིས་ཀྱི་ངོ་མཚར་སྟོང་གིས་ཕྱུག་པའི་གཏམ་རྒྱུད་སོགས་ནི་རང་བྱུང་ཁམས་ཀྱིས་གངས་ལྗོངས་ས་མཐོར་བསྩལ་བའི་ཕྱག་རྟགས་རེད།   དེ་རིང༼རླངས་འཁོར་ལ་བསྡད་ནས་ཀྲུང་གོར་བལྟ།  བོད་ལྗོངས་ཀྱི་ལེའུ༽ཞེས་པ་དང་འགྲོགས་ནས་ས་འཛིན་རི་བོའི་རྔམ་བརྗིད་ཁྲོད་དུ་ཇོ་རི་དང་ལྷན་དུ་སྙན་ངག་གི་འཛོམས་ཆད་གཅིག་བྱས་ནས་ས་གཞི་འདིའི་ཐུན་མིན་ཉམས་སྣང་ལ་རོལ་བར་བྱེད།

        བོད་ལྗོངས། བཀྲག་མདངས་འཚེར་བའི་མུ་ཏིག་རྡོག་པོ་གཅིག་གིས་ནོར་འཛིན་སྒེག་མོའི་སྤྱི་བོར་ཕྲ་རྒྱན་བཏབ་པ་དང་འདྲ།  ང་ཚོ་རླངས་འཁོར་ལ་བསྡད་ནས།   འཛམ་གླིང་ཡང་རྩེའི་ཕྱོགས་སུ་བསྐྱོད།  ཇ་རྟའི་གནའ་ལམ་འགྲིམས་ནས།  ཆབ་མདོའི་ལོ་ཟླའི་གཏམ་རྒྱུད་ལ་ཉན།    རྒྱལ་ལམ318རྒྱུད་དུ།  ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་ལྷ་རྩེའི་སྟོད་གཞས་ཀྱིས་གཞིས་རྩེའི་ཐུན་མིན་ངོ་མཚར་གླེང་།  དྲུ་རི་དང་རྩྭ་ཐང་བརྒལ་རྗེས།  ངོ་མཚར་སྟོང་གིས་ཕྱུག་པའི་མངའ་རིས་ཀྱིས་སྐྱེ་བོའི་ཡིད་དབང་རབ་ཏུ་འགུག  འཛམ་གླིང་གི་ཡང་རྩེར།  སྙན་ངག་དབྱངས་སུ་གྱེར་ཞིང་། གླུ་ལེན་གར་འཁྲབ་བྱས་ནས། བོད་ལྗོངས་ཀྱི་ངོ་མཚར་ཁྱེད་ལ་སྤྱན་འབུལ་ཞུ།  བོད་ལྗོངས་སུ་ཕེབས་པ་ནི།   མཐོ་ས་ནས་མཐོ་སར་འཛེགས་པ་ཞིག་དང་།    བོད་ལྗོངས་སུ་ཕེབས་པ་ནི།  སེམས་ཁམས་ཀྱི་མཐོ་ཚད་གསར་པར་སྙེག་པ་ཞིག བོད་ལྗོངས་སུ་ཕེབས་པ་ནི། རི་བོ་སྟོང་དང་མཚོ་མོ་ཁྲི་དང་མཇལ་འཛོམས་བྱེད་པ་ཞིག རླངས་འཁོར་ལ་བསྡད་ནས།   བལྟ་ཕྱོགས་གསར་རྐྱང་ཞིག་གི་ཐོག་ནས་བོད་ལྗོངས་ཀྱི་མཛེས་པར་ཉམས་སུ་མྱོང་།

 

རྩོམ་སྒྲིག་པ། མང་ག་མཚོ།