ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ10པའི་ཚེས8ཉིན། བོད་རང་སྐྱོང་ལྗོངས་ཀྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་དུ“སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་པའི་ལམ་ལུགས་ལག་བསྟར་བྱས་ནས་ལོ30འཁོར་བའི་བྱེད་སྒོ་རབས་དང་རིམ་པ”རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་དང2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་པ་སྡེ་ཁུལ་དུ་བསྐྱོད་པའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས། ད་ཐེངས་ཀྱི་བྱེད་སྒོ་དེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་ལྟེ་གནས་དང་ཀྲུང་གོ་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་ལུས་རྩལ་སློབ་གླིང་དང་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ལུས་སྦྱོང་ཞབས་བྲོའི་མཐུན་ཚོགས་སོགས་ནས་ཡོང་བའི་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་པ་མང་པོ་ཞིག་གདན་ཞུས་ལྟར་ཐེངས་འདིའི་བྱེད་སྒོའི་སློབ་ཁྲིད་དགེ་རྒན་གྱི་འགན་འཁུར་རྒྱུ་རེད།
བྱེད་སྒོའི་སློབ་ཚུགས་མཛད་སྒོའི་ཡུལ་དངོས།
ད་ཐེངས་ཀྱི་གསོ་སྦྱོང་བྱེད་སྒོའི་ནང་དུ་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་པ་དང་སྡེ་ཁུལ་གྱི་གྲོང་མི་ཚུད་པའི་སློབ་མ200ལྷག་ཙམ་ཞུགས་ཡོད་ཅིང་། གསོ་སྦྱོང་ནང་ལུས་སྦྱོང་རྣམ་པའི་སྒོར་གཞས་ཁྱབ་གདལ་གཏོང་རྒྱུ་ནང་དོན་དུ་བྱས་ནས། ཆེད་མཁས་པས་སློབ་ཁྲིད་གནང་བ་དང་། དངོས་ཁྲིད་དངོས་སྦྱོང་སོགས་ཀྱི་བྱེད་སྟངས་བརྒྱུད་སློབ་མ་ཚོའི་ཆེད་ལས་རྩལ་ནུས་དང་ལག་ལེན་ནུས་པ་ཆེ་རུ་བཏང་ཡོད། རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་པ་རྒན་ཧོང་ཞའོ་ཡན་ལགས་ཀྱིས། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་སློབ་མ་ཚོས་ཞབས་བྲོ་འཁྲབ་ཤེས་པ་ཙམ་མ་ཟད། གཞན་ལ་སློབ་ཤེས་པ་བྱས་ནས་སྒོར་གཞས་འཁྲབ་མྱོང་མེད་པའི་ལུས་སྦྱོང་དགའ་མོས་པ་ཚོས་ལུས་རྩལ་དེའི་སྤྲོ་སྣང་ཚོར་ཐུབ་པར་བྱ་རྒྱུ་དེ་རེད་ཅེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། གསོ་སྦྱོང་མཇུག་འགྲིལ་རྗེས་ཞིབ་དཔྱད་ཚད་ལོན་པའི་སློབ་མར་དེ་མཚུངས་ཀྱི་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་པའི་ལག་ཁྱེར་སྤྲོད་རྒྱུ་རེད།
སྒོར་གཞས་སྦྱོང་ཡུལ་དུ་སློབ་མ་ཚོས་ཞབས་བྲོའི་སྟངས་སྟབས་ནན་ཏན་ངང་སྦྱོང་བཞིན་པ།
སྒོར་གཞས་སྦྱོང་ཡུལ།
ད་ཐེངས་ཀྱི་བྱེད་སྒོས་རྒྱ་ཆེའི་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་པ་ཚོར་སློབ་སྦྱོང་དང་སྤེལ་རེས་ཀྱི་ལས་སྟེགས་ཤིག་བསྐྲུན་ནས། གསོ་སྦྱོང་གི་གྲུབ་འབྲས་དག་ཉེ་འགྲམ་གྱི་མི་རྣམས་དམངས་ཡོངས་ལུས་སྦྱོང་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དུ་འགྱུར་བར་རམ་འདེགས་བྱེད་པ་དང་། དམངས་ཆེད་ལུས་རྩལ་གྱི་དམིགས་ཡུལ་ལག་བསྟར་བྱས་ཏེ་ས་མཐོའི་ཁྱད་ཆོས་ལྡན་པའི་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་རྒྱུ་རེད།
རྩོམ་སྒྲིག་པ། མང་ག་མཚོ།