ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལོ18རྗེས་སླར་ཡང་ཀྲེ་ཅང་དུ་འཛམ་གླིང་ནང་བསྟན་གླེང་སྟེགས་གཉེར་བ།

སྤེལ་དུས 2024-10-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཚེས15ཉིན་ནས་བཟུང་། འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་ཀྲེ་ཅང་ཉིང་པོ་རུ་འགོ་ཚུགས་ཤིང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ72ནས་ཕེབས་པའི་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་། མཁས་དབང་། ལས་རིགས་ཁག་གི་སྐུ་མགྲོན་སོགས་མི་གྲངས800ལྷག་ཙམ་ཞུགས་ཡོད། དེ་སྔོན2006ལོའི་ཟླ4པར་འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དང་པོ་ཀྲེ་ཅང་ཧང་ཀྲོའུ་དང་ཀྲོའུ་ཧྲན་དུ་གཉེར། དུས་ཡུན་ལོ18སོང་རྗེས། ཀྲེ་ཅང་དུ་སླར་ཡང་འཛམ་གླིང་ནང་བསྟན་གླེང་སྟེགས་གཉེར་ཡུལ་དུ་གྱུར་དོན་གང་ཡིན་ནམ།

འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པའི་ཚོགས་ཆེན་དུ་གཏམ་བཤད་སྤེལ་བ།
             ཀྲེ་ཅང་ནི་ཀྲུང་གོའི་ཤར་ལྷོའི་མཚོ་རྒྱུད་དུ་གནས་པས། སྔ་ནས“ཉ་དང་འབྲས་ཀྱི་ཕ་ས་དང་། དར་གོས་དང་ཇ་ཡི་ཕ་ཡུལ། རིག་དངོས་ཀྱི་མངའ་སྡེ། ཡུལ་སྐོར་གྱི་གནས་མཆོག”ཅེས་པའི་མཚན་སྙན་ཡོད་ཅིང་། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་འདུ་ཤེས་ཀྱི་འབྱུང་གནས་ཡིན། ཀྲེ་ཅང་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་ཡུན་རིང་ཞིང་། མ་དགོན་དང་དགོན་རྙིང་མང་བ། སྐྱེས་ཆེན་དམ་པ་མང་པོ་འཁྲུངས་ཡོད་པས་ཀྲུང་གོའི་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་ཐོག་གོ་གནས་གལ་ཆེན་བཟུང་ཡོད། ཀྲེ་ཅང་ནི་མཚོ་ཐོག་དར་གོས་ཚོང་ལམ་དང་ཀྲུང་གོ་དང་། ཧན་གོ འཇར་པན་བཅས་རྒྱལ་ཁབ་གསུམ་གྱི་ནང་བསྟན་ལས་རིགས་ཀྱི“སྦྲེལ་ཐག”གལ་ཆེན་ཞིག་ཡིན་ཞིང་།  ལོ་རྒྱུས་ཐོག་ཁྲའོ་ཞན་དང་། འཇར་པན། ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་དང་དེ་བཞིན་ཨེ་ཤེ་ཡ་ནུབ་མ། ཡོ་རོབ་བཅས་དང་སྤེལ་རེས་བྱས་པའི་ལོ་རྒྱུས་ཡུན་རིང་ལྡན། དཔེར་ན། ཐའེ་ཀྲོའུ་ཡི་ཐེན་ཐའེ་གོ་ཆིང་དགོན་པ་ནི་ཐེན་ཐའེ་ཙུང་གི་མ་དགོན་དུ་ངོས་འཛིན་ཞིང་། ཧང་ཀྲོའུ་ཡི་ཅེན་ཧྲན་དགོན་དང་ཉིང་པོའོ་ཐེན་ཐུང་དགོན་གཉིས་ནི་ལིན་ཅི་ཙུང་གི་མ་དགོན་དུ་ངོས་འཛིན། རི་བོ་གྲུ་འཛིན་ནི་སྤྱན་རས་གཟིགས་ཀྱི་ཆོས་ར་དང་། ཞུའུ་རྐོང་རི་བོ་ནི་རྒྱལ་བ་བྱམས་པའི་ཆོས་ར་ཡིན། ཉེ་བའི་ལོ་ཤས་རིང་། ཀྲེ་ཅང་ནང་བསྟན་ལས་རིགས་ཀྱིས་ཕྱི་ཕྱོགས་དང་མཛའ་གྲོགས་སྤེལ་རེས་བྱེད་པའི་བྱ་འགུལ་སྤེལ་བར་མུ་མཐུད་ནས་སྐུལ་འདེད་བཏང་བ་སྟེ། མ་དགོན་རིག་གནས་ཀྱི་རྩ་བ་དེ་གཞི་རྟེན་དུ་བྱས་ཏེ་ཀྲུང་གོ་དང་། ཧན་གོ འཇར་པན་བཅས་རྒྱལ་ཁབ་གསུམ་གྱི་ནང་བསྟན་ལས་རིགས་ཀྱི“འབྲེལ་ཐག་ཡག་ཤོས”ཀྱི་འབྲེལ་བ་སྲ་བརྟན་དུ་བཏང་ཡོད།
             ཀྲེ་ཅང་ཉིང་པོ་ནི་རྒྱ་མཚོའི་ཤེས་རིག་གི་འབྱུང་གནས་དང་། ཀྲེ་ཏུང་རིག་གཞུང་གི་འབྱུང་ས། རིགས་སོ་སོའི་ཡིག་ཚང་མངའ་བའི་རྒྱལ་ཁམས་བཅས་ཡིན་ལ། རྒྱལ་ཕྱི་ནང་དུ་སྐད་གྲགས་ཆོད་པའི་ཉིང་པོའི་ཚོང་ཚོགས་གསོ་སྐྱོང་བྱས་ཡོད། ཉིང་པོ་ཡི་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་ཕུན་སུམ་ཚོགས་པོ་ཡོད། གཅིག་ནི་གྲུབ་མཐའི་རིག་གནས་ཡིན་ཏེ། སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཆེན་པོ་བརྒྱད་ནང་གི་སྨྲ་གསུམ་གྲུབ་མཐའ་དང་། འདུལ་བའི་གྲུབ་མཐའ། གསང་སྔགས་ཀྱི་གྲུབ་མཐའ། ས་གཙང་གི་གྲུབ་མཐའ། ཐེན་ཐའེ་གྲུབ་མཐའ། བསམ་གཏན་གྲུབ་མཐའ་བཅས་ཡོད། གཉིས་ནི“སངས་རྒྱས་གསུམ་ལྡན་གནས”ཀྱི་རིག་གནས་ལྡན་ཏེ། སངས་རྒྱས་ཀྱི་རིང་བསྲེལ་དང་། སངས་རྒྱས་རྣམ་གཟིགས། རས་ཁུག་བྱམས་པ་སོགས་སངས་རྒྱས་རྣམ་གསུམ་གཅིག་ཏུ་གནས་ཡོད། གསུམ་ནི་འཛུགས་སྐྲུན་དང་སྒྱུ་རྩལ་གྱི་རིག་གནས། མིག་སྔར། ཉིང་པོ་རུ་ཐོ་འགོད་བྱས་ནས་སྒོ་འབྱེད་པའི་ནང་པའི་དགོན་སྡེ618ཡོད་ཅིང་། དེའི་ནང་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆེས་སྔ་ཤོས་དང་ཉར་ཚགས་ཆ་ཚང་ཤོས་ཀྱི་པའོ་གོ་དགོན་གྱི་ཤིང་བཟོས་ལྷ་ཁང་དང་། ཐེན་ཐུང་ཁྲན་དགོན་དང་། མྱ་ངན་མེད་ཀྱི་དགོན་པ། མཆོད་རྟེན་བདུན་གྱི་བསམ་གཏན་དགོན་བཅས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཙོ་གནད་དགོན་སྡེ་ཡིན། ད་ཐེངས་ཀྱི་གླེང་སྟེགས་གཉེར་ཡུལ་ནི་ཀྲེ་ཅང་ཉིང་པོ་ཞུའུ་རའུ་རི་བོ་ནི་རྒྱལ་བ་བྱམས་པའི་ཆོས་ར་ཡིན་ལ། སྐྱེས་ཆེན་ཐའེ་ཞུས་ཀྱི“མི་ཡུལ་གྱི་ནང་བསྟན”ཞེས་པའི་དགོངས་པ་འབྱུང་ཡུལ་ཡང་ཡིན།
             དོ་སྣང་བྱེད་དགོས་པ་ཞིག་ནི་སྐབས་འདིའི་ནང་བསྟན་གླེང་སྟེགས་ཐོག “ནང་བསྟན་གསུང་རབ་ཀྱི་གྲངས་གཞི་ཅན་གྱི་ཕྱོགས་བསྡུས”ཀྱི་ཡན་ལག་གླེང་སྟེགས་བཀོད་སྒྲིག་བྱས་ཡོད། སྐབས་རེ་རེའི་འཛམ་གླིང་ནང་བསྟན་གླེང་སྟེགས་ཀྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་ནང་བསྟན་གྱི་རྩ་ཆེའི་གཞུང་ལུགས་བསྡུ་རུབ། ལེགས་སྒྲིག ཉར་ཚགས། བེད་སྤྱོད་བཅས་ཀྱི་ཕན་འབྲས་ཆེ་རུ་གཏོང་ཆེད། སྐབས་འདིའི་གླེང་སྟེགས་ཐོག་ཡན་ལག་གླེང་སྟེགས་ཀྱི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཁག་གི་ནང་བསྟན་ལས་རིགས་དང་མཉམ་དུ་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། གྲོས་བསྡུར་གྱི་རྨང་གཞིའི་ཐོག གླེང་སྟེགས་ཀྱི་རྩ་ཆེའི་ནང་བསྟན་གཞུང་ལུགས་ཕྱོགས་བསྒྲིགས་ལས་དོན་གྱི་གྲོས་མོལ་ལམ་སྲོལ་འཛུགས་པ་དང་། སྐད་ཡིག་དང་ཡི་གེ་མི་འདྲ་བའི་ནང་བསྟན་གྱི་རྩ་ཆེའི་གཞུང་ལུགས་ཕན་ཚུན་ཡིག་སྒྱུར་དང་ཞིབ་འཇུག་ཡག་པོ་བྱེད་པ། ནང་བསྟན་གྱི་རྩ་ཆེའི་ཚད་ལྡན་ཡིག་ཆར་བརྟག་དཔྱད་ཞིབ་འཇུག་བྱེད་པ་བཅས་ཀྱི་ཐོག་ནས་ནང་བསྟན་གྱི་རྩ་ཆེའི་གཞུང་ལུགས་ཕྱོགས་བསྒྲིགས་དང་གྲངས་གཞི་ཅན་གྱི་འདུ་འགོད་འཛུགས་སྐྱོང་དང་གྲུབ་འབྲས་མཉམ་སྤྱོད་ལ་སྐུལ་འདེད་བརྟན་པོ་གཏོང་རྩིས་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། དྲ་སྦྲེལ་གྱི་ཞིང་ཆེན་ཆེན་པོ་ཡིན་པའི་ཀྲེ་ཅང་ལ་ཆོས་ལུགས་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱེད་པའི་ཐད་ལ་རྨང་གཞི་བཟང་པོ་ཡོད་པར་མ་ཟད། 2019ལོར་ཀྲེ་ཅང་ཉིང་པོ་ཡི་ཞུའེ་མིའུ་རི་བོ་ནས2019ལོའི་གྲངས་འཛིན་ནང་བསྟན་གླེང་སྟེགས་ནི་བདེ་བླག་ངང་གཉེར།