ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ཀླུ་འདམ་རས་གྲོང་ཁྱེར་དང་སྐྱེ་ཁམས་མཉམ་གནས་བྱེད་པར་མཚོན།

སྤེལ་དུས 2024-10-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་པའི་ལྷ་ཀླུ་འདམ་ར་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཞིག་ཡིན་ལ། ལྷ་ས་གྲོང་ཁྱེར་གྱི་གསོ་རླུང་གི་འདོན་གནས་གཙོ་བོ་ཞིག་ཀྱང་ཡིན་པས“ལྷ་སའི་གློ་བ”ཞེས་བརྗོད། སྟོན་དུས་ཀྱི་ལྷ་ས་ནི་སྐམ་ཤས་ཆེ་ལ་ཆར་ཆུ་ཉུང་བ་ཞིག་ཡོད་མོད། འོན་ཀྱང་ཁྱེད་རང་དེ་གར་སླེབས་པ་ན་འདམ་རའི་མཁའ་རླུང་ནང་དུ་འདམ་བག་དང་རྩི་ཤིང་གི་དྲི་ཞིམ་འཐུལ་བས་མི་རྣམས་ལ་བློ་བདེ་བག་ཕེབས་ཀྱི་སྣང་བ་ཞིག་སྦྱིན་འོང་། 

ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།
             ལྷ་ཀླུ་འདམ་རའི་སྲུང་སྐྱོང་ཁུལ་དངོས་སུ་མ་བཙུགས་སྔོན་ལ། དེ་གར་གྲོང་མིའི་འཚོ་རོལ་ཁུལ་ཡིན་ཏེ། གྲོང་མི་ཚོས་འདམ་རྩྭ་འབུད་ཆ་བྱེད་ཅིང་།  ཆུའི་ཁོངས་སུ་འཚོ་བའི་གད་སྙིགས་གང་སར་དབྱུགས་པས་འདམ་རའི་ཁོར་ཡུག་ཧ་ཅང་ཞན་པོར་ཆགས།
             1995ལོར་ལྷ་སའི་ལྷ་ཀླུ་འདམ་ར་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཨུ་ལྷན་བཙུགས་པ་དང་། 1999ལོར་ལྷ་ཀླུ་འདམ་རར་བོད་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་རྒྱུའི་ཆོག་མཆན་ཐོབ་པ་དང་། 2005ལོར་ལྷ་ཀླུ་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་སྤོར་བྱས། རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་རྒྱུན་ཆད་མེད་པར་མ་དངུལ་བཏང་ནས་ལྷ་ཀླུ་འདམ་རར་སྲུང་སྐྱོང་བྱས་ཤིང་། ལྟེ་བའི་ཁུལ་གྱི་ཁྱིམ་དུད་གནས་སྤོ་དང་། ཆུ་རྐའི་སྐྱེ་ཁམས་སླར་གསོ། འདམ་རའི་སིམ་འགོག་ལས་གྲྭ འདམ་བག་གཙང་སེལ་ལས་གྲྭ་སོགས་ཀྱི་བྱ་ཐབས་ལག་ལེན་བསྟར་བ་བརྒྱུད་ལྷ་ཀླུ་འདམ་རའི་རྒྱ་ཁྱོན་སྔར་བས་ཆེ་རུ་ཕྱིན། མིག་སྔར། འདམ་ར་སྲུང་སྐྱོང་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ12.2ཟིན་པ་དེའི་ནང་དུ་ལྟེ་བའི་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ6.6ཙམ་དང་། བར་ཁུལ་སྟོང་སྨི་གྲུ་བཞི་མ3.39དང་། ཚོད་ལྟའི་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2.21བཅས་ཡོད། དེ་ཡིས་ས་མཐོ་དང་གྲང་ངར་གྱི་ཁྱད་ཆོས་ལྡན་པའི་འདམ་རའི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

ལྷ་ཀླུ་འདམ་རའི་ཞོགས་པའི་རྣམ་པ།
             འདབ་རའི་སྲུང་སྐྱོང་ནི་འདབ་ཆགས་ཀྱི་འཚོ་སྡོད་ཁུལ་སྲུང་སྐྱོང་བྱེད་པ་ཞིག་ཡིན་ཏེ།  སྐྱེ་ཁམས་དོ་སྙོམས་ལ་སྲུང་སྐྱོང་དང་རང་བྱུང་སྐྱེ་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཟླ་ཕྱེད་སོང་རྗེས། ལྷ་ཀླུ་འདམ་རས་ཡང་ལོ་གཅིག་གི“གྲོགས་པོ་རྙིང་པ”བསུ་མར་བྱེད་དེ། དུས་བྱ་མང་པོར་ལྷ་ཀླུ་འདམ་རར་དགུན་སྒྲོལ་དུ་ཡོང་། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྲུང་སྐྱོང་ལས་དོན་རབ་དང་རིམ་པ་སྤེལ་བ་བརྒྱུད་འདམ་རའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་འདབ་ཆགས་རིགས་བརྒྱ་ཕྲག་ཁ་ཤས་འཚོ་སྡོད་དང་གནས་སྐབས་སུ་སྡོད་སར་བཀུག་ལ། “མཐོང་དཀོན་པའི་མགྲོན་པོ”མི་ཉུང་བ་ཞིག“རྒྱུན་ཕེབས་མགྲོན་པོར”གྱུར། 2023ལོའི་བརྟག་དཔྱད་མཇུག་འབྲས་གསར་ཤོས་ལས་མངོན་པར་གཞིགས་ན། ལྷ་ཀླུ་འདམ་ར་སྲུང་སྐྱོང་ཁུལ་དུ་འདབ་ཆགས་རིགས167ཐོ་འགོད་བྱས་ཡོད་པ་དང་། འདམ་རར་དགུན་སྒྲོལ་གྱི་དུས་བྱ་མངོན་གསལ་དོད་པོས་མང་དུ་ཕྱིན། དེས་ལྷ་ཀླུ་འདམ་རའི་སྐྱེ་ཁམས་སྤུས་ཚད་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་མཚོན་ཡོད། 

ལྷ་ཀླུ་འདམ་རའི་དགུན་སྒྲོལ་དུས་བྱའི་ཁྱུ་ཚོགས།
             གཟའ་མཇུག་ཏུ་ལྷ་སའི་ཕྱོགས་གང་དུ་མྱུལ་བར་འགྲོ་རྒྱུར་ཐེ་ཚོམ་བྱེད་དུས། ལྷ་ཀླུ་འདམ་ར་ནི་གདམ་ག་ཡག་པོ་ཞིག་ཡིན། ལྷ་ས་གྲོང་ཁྱེར་གྱིས་བཏོན་པའི“སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་དེ་གྲོང་མིས་མཉམ་སྤྱོད་བྱེད་པའི”སྐྱེ་ཁམས་འཕེལ་རྒྱས་ཀྱི་འདུ་ཤེས་གཞིར་བཟུང་། 2020ལོར་ལྷ་ཀླུ་འདམ་ར་དོ་དམ་ཅུས་ཀྱིས་ལྷ་ཀླུ་འདམ་རའི་མཐའ་འདབས་ཀྱི་སྐོར་སྲུང་རྐང་ལམ་གྲོང་མིར་སྒོ་མོ་ཕྱེ་ཡོད། ཞོགས་པ་ལྷ་ཀླུ་འདམ་རར་ཡུལ་སྐོར་བ་མང་པོ་ཡོད་པ་དང་། ཚང་མས་ཞོགས་པའི་ཉི་འོད་ཁྲོད་མཁའ་རླུང་གཙང་མ་རྔུབ་ཀྱི་ཡོད་པ་དང་འདམ་རའི་མཛེས་ལྗོངས་མྱོང་རོལ་བྱེད་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་པའི་བྱ་སྤྱོད་ནང་རང་འགུལ་ངང་ཞུགས་ཀྱི་ཡོད། ལྷ་ཀླུ་འདམ་ར་དེ་གྲོང་ཁྱེར་འཕེལ་རྒྱས་དང་ས་མཐོའི་སྐྱེ་ཁམས་ཞི་མཐུན་མཉམ་གནས་ཀྱི་གསོན་ཉམས་དོད་པའི་གསལ་འགྲེལ་ཞིག་ཏུ་གྱུར་ཡོད།