ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པའི་ཚོགས་ཞུགས་སྐུ་མགྲོན་གྱིས་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་གནང་བ།

སྤེལ་དུས 2024-10-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ10པའི་ཚེས16ཉིན། འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པས་ཉིང་པོའི་ཞོལ་ཏོའུ་ཧྲན་སྨི་ལེ་ཧྲེང་ཐེན་དུ་གླེང་སྟེགས་གཙོ་བོའི་བྱེད་སྒོ་སྤེལ། ཚོགས་ཞུགས་སྐུ་མགྲོན37ཡིས“མཉམ་བསམ་མཉམ་སྐྱོད། འཆམ་མཐུན་མཉམ་གནས”ཞེས་པའི་བརྗོད་དོན་གཙོ་བོར་གཞི་བྱས་ཏེ་སྤེལ་རེས་གཏམ་བཤད་གནང་། 

ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།       
             སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོས་གོ་ལ་ཧྲིལ་པོའི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་དུ། ནང་བསྟན་རིགས་ཁོངས་ཀྱིས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་ཇི་ལྟར་གཅོག་པའི་ཐད་གྲུབ་པའི་ཐུན་མོང་གི་ངོས་འཛིན་ཟབ་མོ་དང་ལག་ལེན་གྱི་གྲོས་འགོ་གཏིང་ཟབ་མངོན་ཞིང་། འདི་ནི་ཀྲུང་གོ་ནང་བསྟན་གྱི་སྒོ་དབྱེ་ཁོད་ཡངས་སྙིང་སྟོབས་ཀྱི་གསོན་ཉམས་མཚོན་བྱེད་ཅིག་ཡིན་པར་མ་ཟད། ཀྲུང་གོ་ནང་བསྟན་གྱིས་འཛམ་གླིང་ནང་བསྟན་རིག་གནས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བའི་བདེན་དཔང་བཙན་པོ་དེ་ཡིན།        
             ཐེ་ལན་རྒྱལ་ཁབ་ཀྱི་སྐྱེས་ཆེན་ཨུ་ལྷན་གྱི་ཁོངས་མི་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་ཟླའི་བཅོ་ལྔའི་དུས་ཆེན་རྒྱལ་སྤྱིའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི། རྒྱལ་སྤྱིའི་ནང་བསྟན་སློབ་ཆེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་མཁན་པོ་ཧྥན་ཀྲེ་ཡིས“2006ལོར་མཐུན་ཚོགས་དེ་བཙུགས་ཚུན། འཛམ་གླིང་ནང་བསྟན་གླེང་སྟེགས་དེ་གོ་ལ་ཧྲིལ་པོའི་རྒྱལ་སྤྱིའི་ནང་པ་སངས་རྒྱས་པའི་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱེད་སའི་གླེང་སྟེགས་ཆེ་ཤོས་དང་གལ་ཆེ་ཤོས་ཀྱི་གྲས་སུ་འཕེལ་རྒྱས་བྱུང་ཞིང་། དེ་ནི་ཀྲུང་གོའི་གྲོས་འགོ་ལས་བྱུང་བ་ཞིག་ཡིན། ད་ལོ‘མཉམ་བསམ་མཉམ་སྐྱོད། འཆམ་མཐུན་མཉམ་གནས’ཞེས་པའི་བརྗོད་དོན་གཙོ་བོའི་འོག འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ནང་པ་སངས་རྒྱས་པའི་འཐུས་མི་རྣམས་མཉམ་གཅིག་ཏུ་འཛོམས་ཤིང་། མཐུན་པའི་རེ་སྨོན་སེམས་སུ་ཉར་ནས་ཐེངས་འདིའི་གླེང་སྟེགས་ཀྱིས་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་བ་དང་། ནང་པ་སངས་རྒྱས་པའི་རིགས་ཁོངས་དང་། རིག་གཞུང་ལས་རིགས། རིག་གནས་ལས་རིགས། དེ་བཞིན་གོ་ལ་ཧྲིལ་པོའི་ལས་རིགས་གཞན་དག་དབར་གྱི་མཉམ་ལས་ལ་ཤུགས་སྣོན་བྱུང་བར་རེ་སྒུག་བྱེད་བཞིན་ཡོད ”ཅེས་གསུངས།               
             ཧན་གོའི་ནང་བསྟན་ཆོས་ལུགས་ཚོགས་པའི་གྲོས་མཐུན་ཚོགས་པའི་ཚོགས་གཙོ་དང་ཧན་གོའི་ནང་བསྟན་ཚའོ་ཞི་ཙུང་གི་སྤྱི་གཉེར་ཡོན་ཀྲང་ཀྲེན་ཡུས་ཀྱིས་གཏམ་བཤད་གནང་སྐབས“ང་ཚོས་འཛམ་གླིང་ནང་བསྟན་གླེང་སྟེགས་འདི་གོ་སྐབས་སུ་བྱས་ནས།   ‘མཉམ་བསམ་མཉམ་སྐྱོད’དང‘ཞི་མཐུན་མཉམ་འབྲེལ’གྱི་རིན་ཐང་དར་སྤེལ་གཏོང་བ་དང་། ཞི་བདེ་ལ་དགའ་ཞེན་དང་མིའི་རིགས་ཀྱི་འཕེལ་རྒྱས་ལ་གཞོལ་མཁན་གྱི་གྲོགས་པོ་ཚོ་དང་ལག་གདང་གཅིག་ཏུ་སྦྲེལ་ཏེ། ཐུན་མོང་ཐོག་མི་དང་རང་བྱུང་ཁམས་བར་ཞི་མཐུན་མཉམ་གནས་ཡོང་བ་དང་། ཤེས་དཔལ་མི་འདྲ་བ་མཉམ་གནས་དང་སྤེལ་རེས་བྱེད་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ནས་མེ་ཏོག་མཉམ་བཞད་ཀྱི་མཛེས་པའི་འཛམ་གླིང་ཞིག་མངོན་འགྱུར་བྱེད་དགོས”ཞེས་ནན་བཤད་གནང་།        
             “རྙོག་འཛིང་ཆེ་ཞིང་རྒྱུན་པར་འགལ་བས་ཁེངས་པའི་དེང་གི་འཛམ་གླིང་འདིར། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་དེ་སྔོན་གྱི་དུས་སྐབས་གང་དང་བསྡུར་རུང་སྔ་ལས་ལྷག་པས་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན”ཅེས་འཛམ་གླིང་ནང་པ་སངས་རྒྱས་པའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕཱ་ལུའོ་ཕུའུ·ཐའེ་ཨ་ལིས་གསུངས་པ་དང་། ཁོང་གིས“ད་ཐེངས་ཀྱི་གླེང་སྟེགས་ཁྲོད་ང་ཚོས་བསམ་བློ་སྤེལ་རེས་བྱས་པར་མ་ཟད། སྔར་ལས་འཆམ་མཐུན་གྱི་འཛམ་གླིང་ཞིག་བསྐྲུན་པར་བྱ་སྤྱོད་དངོས་ཀྱི་ཐོག་ནས་འགུལ་སྐྱོད་བྱེད་པའི་རྨང་གཞི་བསྐྲུན”ཞེས་གསུངས།        
             ད་ལོ་དགུང་ལོ88ལ་སླེབས་པའི་རི་ལན་ཙུང་གི་མ་དགོན་ཧྲན་ཡན་ཧྲན་ཅིའུ་ཡོན་དགོན་གྱི་མཁན་པོ། རི་ཀྲུང་མཛའ་གྲོགས་ཆོས་ལུགས་པའི་སྙིང་གཏམ་ཚོགས་པའི་མཚན་འཛིན་ཚོགས་གཙོ་ཁྲེ་ཐེན་རི་ཡུང་གིས“ང་ཚོས་ཞི་བདེ་ཡོང་བར་བྱ་རྒྱུ་དེ་ཐུན་མོང་གི་བསམ་འདུན་ལ་བརྩིས་ནས། ཞི་བདེ་ལ་སྲུང་སྐྱོང་བྱ་ཆེད་སྤེལ་རེས་དང་སྐད་ཆ་ཤོད་རེས་བྱེད་པ་དང་། ཕ་རོལ་པོའི་ལངས་ཕྱོགས་ལ་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོགཆོས་ལམ་ཐུན་མོང་ཐོག་ལག་ལེན་ལ་བསྟར་བའི”འབོད་སྐུལ་གནང་།       
             ཚོགས་ཞུགས་སྐུ་མགྲོན་ཚོས་བསྟན་དོན།  “མཉམ་བསམ་མཉམ་སྐྱོད།  འཆམ་མཐུན་མཉམ་གནས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། ནང་བསྟན་རིག་གནས་ཀྱི་སྙིང་བཅུད་དང་། བསམ་བློའི་ནང་དོན། དུས་རབས་ཀྱི་རིན་ཐང་བཅས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། གླེང་སྟེགས་ནི་ལས་སྟེགས་སུ་བྱས་ཏེ་ནང་བསྟན་གྱི་བྱམས་སྙིང་རྗེ་དང་། ཞི་བདེའི་འདུ་ཤེས་དར་སྤེལ་གཏོང་བ། ནང་བསྟན་གྱི་བློ་གྲོས་དང་། འདྲ་མཉམ། དབུ་མའི་ལམ། བསྟུན་མཁས། གཞན་ཕན་བཅས་ཀྱི་སྙིང་སྟོབས་ལག་ལེན་བསྟར་བ། ཤེས་དཔལ་མི་འདྲ་བ་དང་དད་པ་མི་འདྲ་བའི་དབར་འདྲ་མཉམ་ཀྱི་ལྟ་སྟངས་འཛིན་པ་དང་། ཞི་མཐུན་མཉམ་གནས། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ཞི་བདེར་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ནང་བསྟན་གྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།