ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དཔའ་ཤོད་རྫོང་གི་ཞིམ་མངར་ལྡན་པའི་རྒུན་ཆང་།

སྤེལ་དུས 2024-10-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
         བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་པའི་དཔའ་ཤོད་རྫོང་དུ་བརྗིད་ཆགས་ཉམས་དགའ་བའི་རང་བྱུང་མཛེས་ལྗོངས་དང་། མཚར་སྡུག་རྣམ་པར་བཀྲ་བའི་མི་རིགས་ཀྱི་རིག་གནས། ཁྲོན་བོད་ལམ་རྒྱུད་དུ་གནས་པའི་ས་བབ་ཀྱི་ལེགས་ཆ་བཅས་ལྡན་པས་ས་ཁུལ་འདི་ཉིད་བོད་ལྗོངས་སུ་ཡུལ་སྐོར་དུ་སྐྱོད་སྐབས་ངེས་པར་དུ་བསྐྱོད་དགོས་ངེས་ཀྱི་གནས་ཤིག་ཏུ་གྱུར་ཡོད། 
དཔའ་ཤོད་རྫོང་གླིང་དཀར་ཞང་རྫོང་དཀར་གྲོང་ཚོའི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི།
  མཛེས་ཤིང་ལྟ་ན་སྡུག་པའི་དཔའ་ཤོད་རྫོང་གླིང་དཀར་ཞང་རྫོང་དཀར་གྲོང་ཚོར་རྒྱ་ཁྱོན་མུའུ200ཟིན་པའི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་ཞིག་ཡོད་པ་དེ་ནི་ཆབ་མདོ་གྲོང་ཁྱེར་གྱི་ས་བབ་མཐོ་ཤོས་ཀྱི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་ཞིག་ཡིན་ཞིང་། 2016ལོར་དཔའ་ཤོད་རྫོང་གིས་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་བསྐྲུན་རྩིས་བྱས་ལ། རྣམ་གྲངས་འོས་ཐོབ་བྱུང་རྗེས་སྨར་ཁམས་རྫོང་འཇང་མི་རིགས་ཞང་ནས་ཡིན་པའི་ཚུལ་ཁྲིམས་རྒྱ་མཚོ་ནི་རྟེན་གཞི་དེའི་འགན་འཁུར་བར་གྱུར། ཚུལ་ཁྲིམས་རྒྱ་མཚོའི་ཕ་ཡུལ་སྨར་ཁམས་ལ་ལོ་ངོ200ལྷག་ཙམ་གྱི་རྒུན་འབྲུམ་འདེབས་པའི་ལོ་རྒྱུས་ཡོད་པའི་ཁར། ཆུང་དུས་ནས་རྒུན་འབྲུམ་འདེབས་པའི་ལག་རྩལ་ཐད་མིག་འདྲིས་རྣར་འཇགས་སུ་གྱུར་པས་ཁོང་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་རྒུན་འབྲུམ་འདེབས་མཁན་གྱི་ཆེད་མཁས་པ་ཞིག་ཏུ་གྱུར། འོན་ཀྱང་རྣམ་གྲངས་དེ་ཐོག་མར་ལག་ལེན་བསྟར་སྐབས་ཁོང་གིས་དཔའ་ཤོད་རྫོང་གི་ས་ཁམས་ཁོར་ཡུག་ལ་རྒྱུས་མངའ་དེ་ཙམ་མེད་པས་གྲུབ་འབྲས་ཐོབ་མིན་ཐད་གདེང་ཚོད་ཆེན་པོ་མེད། རྗེས་སུ་ཁོང་གིས་ཕ་ཡུལ་ནས“མུ་ཏིག་ནག་པོ”ཞེས་པའི་རྒུན་འབྲུམ་གྱི་སོན་སྤུས་ལེགས་འཁྱེར་ནས་གནས་དེར་བཏབ་པས། གནས་དེའི་ས་བབ་ཅུང་མཐོ་བ་དང་། སྨུག་ཕྱིའི་འོད་ཟེར་འདང་ངེས་ཡོད་པ། ཆར་པ་འབབ་ཚད་ཅུང་ཉུང་བ་བཅས་ཀྱི་ལེགས་ཆ་ལས་ཕན་པ་ཐོབ་ནས“མུ་ཏིག་ནག་པོའི”སྐྱེ་ཚུལ་ཤིན་ཏུ་ཡག་པོ་བྱུང་བ་དེ་ཁོང་གི་བསམ་ཡུལ་ལས་འདས་པ་མ་ཟད་ཐ་ན་ཞིང་སྨན་ཡང་སྤྱོད་དགོས་ཀྱི་མེད།
དཔའ་ཤོད་རྫོང་གླིང་དཀར་ཞང་རྫོང་དཀར་གྲོང་ཚོའི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིའི་རྒུན་འབྲུམ་གྱི་སྡོང་པོ།
  ལོ་གསུམ་གྱི་རྗེས་རྒུན་འབྲུམ་འཐུ་དུས་ལ་སླེབས་ཤིང་། དེ་གའི་རྒུན་འབྲུམ་གྱི་སྤུས་ཀ་ལེགས་ལ་ཞིམ་མངར་ལྡན་པ་ཞིག་ཡིན་པ་མ་ཟད། དཔའ་ཤོད་དུ་ལོ་གསུམ་རིང་རྒུན་འབྲུམ་བཏབ་པའི་ཉམས་མྱོང་ལས་ཀྱང་ཚུལ་ཁྲིམས་རྒྱ་མཚོས་དཔའ་ཤོད་རྫོང་དང་དེ་གའི་མང་ཚོགས་ལ་བརྩེ་དུང་ཟབ་མོ་ཆགས་ཡོད། ཕ་ཡུལ་གྱི་རྒུན་འབྲུམ་ཨ་རག་ཐོན་ལས་འཕེལ་རྒྱས་ཕྱིན་པ་ལས་ཁོང་གི་བློ་སྒོ་ཕྱེ་ནས་དཔའ་ཤོད་དུ་རྒུན་འབྲུམ་ཨ་རག་སྙོལ་བཟོའི་ཁེ་ལས་ཤིག་འཛུགས་རྒྱུའི་བསམ་ཚུལ་བྱུང་ཏེ། ས་གནས་དེ་གའི་སྤུས་ལེགས་རྒུན་འབྲུམ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་བ་བརྒྱུད་ས་གནས་དེ་གའི་མང་ཚོགས་ཚོ་ཁྱིམ་གྱི་སྒོ་འགྲམ་ནས་འབབ་འཕར་ཡོང་རྒྱུར་རོགས་རམ་བྱས་ཡོད།
སྨིན་ཟིན་པའི་རྒུན་འབྲུམ་ནག་པོ།
རྒུན་ཆང་བསྙལ་རྒྱུར་མཁོ་བའི་རླུང་སྐམ་བཏང་རྗེས་ཀྱི་རྒུན་འབྲུམ་ནག་པོ།
  2019ལོའི་ཟླ4པའི་ཚེས17ཉིན། ཁོར་ཡུག་དང་ཆུ་སྤུས་སོགས་དུས་འགོའི་བརྟག་ཞིབ་ཚད་ལེན་མང་པོ་བྱས་པ་བརྒྱུད། བོད་ལྗོངས་མན་ཅང་སྤུས་ལེགས་ཨ་རག་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ཤིང་། མིག་སྔར་ཁེ་ལས་ལ་གཏན་འཇགས་ལས་མི་ལྔ་དྲུག་ཙམ་ཡོད་པ་ཚང་མ་སློབ་གྲྭ་ཆེན་མོ་བ་རེད། གཞན་ཡང་ད་དུང་ལག་རྩལ་གསོ་སྦྱོང་དང་གནས་སྐབས་ལས་མི་གླས་ཐབས་བརྒྱུད་རྫོང་དཀར་གྲོང་ཚོའི་གྲོང་མི་བཞི་བཅུ་ལྔ་བཅུ་ལྷག་ཙམ་ལ་ཞོར་ལས་ཡོང་འབབ་འཕར་མ་བཏོད་དེ་ལོ་ལྟར་ཁོང་ཚོར་འབབ་འཕར་སྒོར་ཁྲི20ཡོང་ཐབས་བྱས་ཡོད། ཚུལ་ཁྲིམས་རྒྱ་མཚོས་དགའ་ཚོར་བྱེད་འོས་ཤོས་ནི་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་ཕྱིན་པ་དེ་རེད། ཁོང་གིས“ཁེ་ལས་ཐོག་མར་འཛུགས་སྐབས་ལས་ཀར་ཡོང་མཁན་གྱི་མི་སེར་ཚོར་དོ་དམ་བྱེད་ཁག་ཙམ་འདུག རྗེས་སུ་ཁོང་ཚོས་རིམ་བཞིན་དེང་རབས་ཁེ་ལས་གཉེར་སྐྱོང་ལ་ངོས་འཛིན་ངེས་ཅན་ཞིག་ཐུབ་ནས། ལས་ཀ་ཡག་པོ་བྱེད་ཐུབ་པ་མ་ཟད་རྟེན་གཞི་དང་ཨ་རག་བཟོ་གྲྭར་ཡང་བརྩེ་དུང་ཟབ་མོ་ཞིག་ཆགས་ཡོད”ཅེས་བཤད།
རྫོང་དཀར་གྲོང་ཚོའི་མང་ཚོགས་ཀྱིས་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིར་ལས་ཀ་བྱེད་བཞིན་པ།
“རྒྱལ་མོ་རྔུལ་ཆུ”རྟགས་ཅན་གྱི་རྒུན་འབྲུམ་ནག་པོའི་ཨ་རག
  རྟེན་གཞིའི་ཨ་རག་བཟོ་གྲྭས་ཐོན་སྐྱེད་བྱས་པའི“རྒྱལ་མོ་རྔུལ་ཆུའི”རྒུན་འབྲུམ་ནག་པོའི་འཁྱགས་ཆང་ཁག་དང་པོ་དེ2022ལོར་བཟོ་གྲྭ་ནས་ཐོན་སྐྱེད་བྱས་ཏེ་གཙོ་བོ་ཆབ་མདོ་དང་། ལྷ་ས། ཁྲེང་ཏུའུ་བཅས་སུ་འཚོང་གི་ཡོད་ཅིང་། ཁེ་ལས་ཀྱང་འཛུགས་མ་ཐག་ཡིན་པས་ཁྲོམ་ར་དང་མ་དངུལ་ཕྱོགས་གཉིས་ཀའི་ཐད་འགྲན་སློང་མང་པོ་འཕྲད་ཡོད་མོད། འོན་ཀྱང་ཁོང་གིས་བློས་གཏོང་གཏན་ནས་མི་བྱེད་པར“ད་ཆ་སྲིད་ཇུས་ཡག་པོ་ཡོད་པས་མི་སེར་ཚོས་ཀྱང་ངར་ཡིད་ཆེས་ཆེན་པོ་དེ་འདྲ་བྱེད་ཀྱི་ཡོད་ལ། རྫོང་སྲིད་གཞུང་དང་ཞང་སྲིད་གཞུང་གིས་ཀྱང་ང་ཚོར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་པས་ངས་ཚང་མའི་རེ་བ་ཆུད་ཟོས་སུ་མི་གཏོང་བར་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན”ཞེས་བཤད། ཁོང་གིས་སླད་ཕྱིན་གྱི་ལས་ཀའི་ཐད་ལའང་འཆར་གཞི་གསར་པ་ཞིག་བཟོས་ཡོད་པ་སྟེ“དཔའ་ཤོད་རྫོང་ནི་རྒྱལ་ལམ318ལམ་རྒྱུད་དུ་གནས་པ་དང་ས་བབ་ཀྱི་ལེགས་ཆ་ཆེན་པོ་ལྡན་པས་སང་ལོ་ཁྱིམ་སྡོད་མགྲོན་ཁང་བསྐྲུན་རྩིས་ཡོད་པ་མ་ཟད། མཉམ་ལས་ཁང་ཡང་བཙུགས་ནས་ས་གནས་དེ་གའི་མི་སེར་ཚོར་ལས་ཞུགས་ལས་གནས་མཁོ་འདོན་བྱ་རྒྱུ་དང་ཆབས་ཅིག ས་གནས་དེ་གའི་ཡུལ་ཟོག་དང་ཁྱད་ལྡན་ཐོན་ཟོག་ཀུ་ཤུ་དང་གཡེར་མ་སོགས་ཀྱང་འཚོང་རོགས་བྱ་རྒྱུ”དེ་རེད།