ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྤུས་ཚད་གཞི་རྩར་བཟུང་ནས་མདུན་ཕྱོགས་སུ་བསྐྱོད་པ།

སྤེལ་དུས 2024-10-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— སྐབས་བཞི་པའི་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་སྤུས་ཚད་བྱ་དགའ་སྤྲད་པ།
  བོད་ལྗོངས་ཡུང་ལན་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་མིས་ཆུའི་མ་དཔེར་ཞིབ་དཔྱད་ཚད་ལེན་བྱེད་བཞིན་པ།
  བོད་ལྗོངས་ཨ་རག་རྒྱལ་པོ་ཨ་རག་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སིས་ལྷ་ས་གྲོང་ཁྱེར་SOSབྱིས་པའི་གྲོང་གི་གྲོགས་པོ་ཆུང་ཆུང་ཚོར་གཅེས་སེམས་དངོས་པོ་ཞལ་འདེབས་རྒྱག་བཞིན་པ།
  བོད་ལྗོངས་ཨ་རག་རྒྱལ་པོ་ཨ་རག་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་མིས་ནས་ཀྱི་ཨ་རག་དང་ཏུའུ་དམའ་བའི་ནས་ཆང་སྙོལ་བཞིན་པ།
  “སྤུས་བཤེར་ཟླ་བའི”རིང་འབྲེལ་ཡོད་ཚན་པས་ཁྲོམ་གཞུང་དུ་བཅའ་ཁྲིམས་ཁྱབ་གདལ་བྱེད་བཞིན་པ།
  བོད་ལྗོངས་ཡུང་ལན་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་མིས་གྲོང་འདབས་སུ་ཆུའི་མ་དཔེ་ལེན་བཞིན་པ།
  བོད་ལྗོངས་ཨང་པི་ཐེ་པའོ་ནུས་རྒྱུ་ཚན་རྩལ་ཚད་ཡོད་ཀུང་སིས་ལག་ལེན་བསྟར་བའི་ས་བབ་མཐོ་བའི་ཁུལ་གྱི་སློབ་གྲྭ་དང་སྨན་ཁང་གི་དྲོད་ཚད་དམའ་བའི་ཉི་ནུས་དྲོད་རླངས་མཁོ་འདོན་རྣམ་གྲངས་ཡིན་པ།
  ཉེ་ཆར་ལྷ་ས་གྲོང་ཁྱེར་དུ་སྤུས་ཚད་ཁྱབ་ཁོངས་ཀྱི་སླར་ཡང་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་པ་སྟེ། སྐབས་བཞི་པའི་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་སྤུས་ཚད་བྱ་དགའ་སྤྲོད་པའི་མཛད་སྒོ་རེད།
  ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་སྤུས་ཚད་བྱ་དགའ་ནི་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་ཁྱབ་ཁོངས་ཀྱི་གཟི་བརྗིད་མཚན་སྙན་མཐོ་ཤོས་ཤིག་རེད། སྐབས་རེ་རེའི་སྤུས་ཚད་བྱ་དགའི་དཔྱད་འདེམས་ནི་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་ཁག་གི་སྤུས་ཚད་ལས་དོན་ལ་ཕྱོགས་ཡོངས་ནས་གཟིགས་ཞིབ་བྱེད་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་དོ་དམ་གསར་གཏོད་དང་། སྤུས་རྟགས་འཛུགས་སྐྲུན། སྤུས་ཚད་མཐོར་གཏོང་སོགས་ཀྱི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་ཕུལ་བྱུང་ཁེ་ལས་དང་རྩ་འཛུགས་ལ་གཟེངས་བསྟོད་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སྤུས་ཚད་ཀྱི་འདུ་ཤེས་སྔར་བས་འཛུགས་པ་དང་ཕུལ་བྱུང་བརྩོན་ལེན་བྱེད་པར་ལྕག་སྐུལ་བྱས་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆེད་རེད།
  སྤུས་ཚད་ནི་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་རྨང་གཞི་དང་། བྱ་གཞག་འགོ་འཛུགས་པའི་གཞི་རྩ། ཕྱོགས་སྒྱུར་གྱི་འགག་གནད་བཅས་ཡིན། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྤུས་ཚད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྤུས་ཚད་ལས་དོན་དེ་གྲུབ་ཆ་ལེགས་སྒྲིག་དང་། ཕྱོགས་སྒྱུར་སྐུལ་འདེད། དམངས་འཚོ་འགན་ལེན་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་། སྤུས་ཚད་ལས་དོན་གྱི་ལམ་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་མཐོར་གཏོང་གི་བྱ་སྤྱོད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ནུས་ལྡན་རྒྱག་པ་བཅས་བྱས་པས་སྤུས་ཚད་ཀྱི་སྤྱི་ཡོངས་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།
  མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱིས་ཐོ་འགོད་ནུས་ལྡན་བྱས་པའི་ཚོང་རྟགས་བསྡོམས་འབོར་ཁྲི་3.9ཟིན་ཞིང་། དེའི་ནང་གྲགས་ཅན་ཚོང་རྟགས་16དང་། མ་ཏེ་རིའི་ཚོང་རྟགས་63 ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས(ཐོན་རྫས)30བཅས་ཡོད་པ་དང་། གོ་ཆོད་པའི་ཁེ་བེད་བདག་ཐོབ་6287ཡོད། ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་2ལ་བོད་ཀྱི་སྤུས་ཚད་བྱ་དགའ་ཐོབ་པ་དང་། ཁེ་ལས་4ལ་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་སྤུས་ཚད་བྱ་དགའ་དང་ཁེ་ལས་10ལ་སྤུས་ཚད་དོ་དམ་གྱི་ཕུལ་བྱུང་བྱ་དགའ་ཐོབ་པ། ཁེ་ལས་3ལ་ཀྲུང་ཧྭའི་རྙིང་ཁུངས་མིང་ཅན་དང་། ཁེ་ལས་10ལ་བོད་ཀྱི་རྙིང་ཁུངས་མིང་ཅན། ཁེ་ལས་15ལ་ལྷ་སའི་རྙིང་ཁུངས་མིང་ཅན་བཅས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། ད་ཆ་ས་གནས་ཀྱི་ཚད་གཞི་ཁག་5དང་། ཚོགས་པའི་ཚད་གཞི་ཁག་4 ཁེ་ལས་ཀྱི་ཚད་གཞི་ཁག་8 ཁེ་ལས་ཀྱི་ཚད་གཞི་རང་ངོས་ཀྱིས་གསལ་བསྒྲགས་བྱས་པ་ཁག་1072བཅས་ཡོད་པ་རེད། ལྗོངས་ཡོངས་ཀྱི“ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས”ཐོག་མ་བསྐྲུན་པ་དང་། ལྗོངས་ཡོངས་ཀྱི་ཚོང་རྟགས་དབང་གནོད་གྱོང་གུན་ཁ་གསབ་ཀྱི་འགན་བཅོལ་ཐོག་མ་དང་ལྗོངས་ཡོངས་ཀྱི་ཤེས་བྱའི་བདག་དབང་གཏའ་འཇོག་གི་མ་དངུལ་བསྡུ་སྒྲིལ་གྱི་དངུལ་བུན་ཐོག་མ་ལྷ་སར་གཏོང་འགོ་ཚུགས་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་ས་ཁུལ(གྲོང་ཁྱེར)རིམ་པའི་སྲིད་གཞུང་གི་སྤུས་ཚད་ལས་དོན་གྱི་དཔྱད་ཞིབ་ཁྲོད་ལྷ་ས་གྲོང་ཁྱེར་གྱིས་Aརིམ་པ་འབའ་ཞིག་ཡིན་པ་དེ་མུ་མཐུད་རྒྱུན་འཁྱོངས་ཐུབ་སྟེ་ལོ་9བསྟུད་མར་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
  འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་དང་ཁོངས་མིའི་ཚན་པས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་། གོང་འོག་མཉམ་དུ་འདྲེས་པ། ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད། ད་ཐེངས་སྐབས་བཞི་པའི་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་སྤུས་ཚད་བྱ་དགའི་དཔྱད་འདེམས་བྱེད་སྒོའི་ནང་སྤུས་ཚད་སྤུས་རྟགས་ཀྱི་སྣེ་ཁྲིད་ཁེ་ལས་ཁག་གཅིག་ཐོན་ནས་ལྷ་ས་གྲོང་ཁྱེར་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ད་ཆ་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་དང་། བོད་ལྗོངས་མཐོ་རྩོད་ཨར་སྐྲུན་རྒྱུ་ཆ། བོད་ལྗོངས་འཁྱགས་རོམ་གཏེར་ཆུ། བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་སོགས་ཁྱད་ཆོས་མངོན་གསལ་དོད་པ་དང་། བྱེད་སྟངས་བྱང་ཆུབ་པ། ལག་རྩལ་གསར་གཏོད་བཅས་ཀྱི་ལེགས་ལྡན་ཁེ་ལས་ཁག་གཅིག་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད་པ་རེད།
གྲུབ་འབྲས་དེ་དག་ཐོབ་པ་ནི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤུས་ཚད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད་ལ། ཁོངས་མིའི་ཚན་པ་ཁག་དང་དེ་བཞིན་ཁེ་ལས་མཉམ་དུ་ཞུགས་ནས་འབད་འཐབ་བྱས་པ་དང་ཡང་ཁ་འབྲལ་ཐབས་མེད། སྤུས་ཚད་མཐོ་རུ་གཏོང་བ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་སྲིད་གཞུང་དང་། ཁེ་ལས། སྤྱི་ཚོགས་སོགས་རིམ་པ་ཁག་གིས་ཕྱར་བ་གྲུ་འདེགས་བྱེད་དགོས། “གོམ་སྟབས་རྗེས་མར་སྤུས་ཚད་འཕེལ་རྒྱས་ལས་དོན་གྱི་དམ་འཛིན་སྡེ་ཚན་གཙོ་བོ་ཞིག་ཡིན་པའི་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྤུས་ཚད་གཞི་འཛིན་སར་བྱས་ཏེ་རྣམ་པ་གསར་པའི་ཕྱོགས་སུ་བསྐྱོད་རྒྱུ་རེད། ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། ཧེ་བག་དང་མི་འདང་ས་འཚོལ་ཞིབ་བྱེད་པ། སྡེ་ཚན་དབར་གྱི་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོར་གཏོང་གི་བྱེད་ཐབས་ཡག་པོ་སྤྱོད་པ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་ལས་དོན་གྱི་ཁྱོན་ཡོངས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་ལ་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་ལྷ་ས་གྲོང་ཁྱེར་སྤུས་ཚད་ཚད་གཞི་གཞུང་ལས་ཁང་གི་ཀྲུའུ་རེན་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་ཝུའེ་ཀྲི་ཅུན་གྱིས་བཤད།