མི་རིགས་ཁག་གི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་བསུ་བ།
ཕུའུ་ཨེར་གྱི་མི་རིགས་མཐུན་སྒྲིལ་གྱི་དམ་ཚིག་རྡོ་རིང་གི་མནའ་བཞག་འཐུས་མིའི་རྗེས་རབས་པས་རྡོ་རིང་ལ་ལྟ་སྐོར་བྱེད་པ།
ཟླ9པའི་ཚེས24ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཨེར་གྱི་མི་རིགས་མཐུན་སྒྲིལ་གྱི་དམ་ཚིག་རྡོ་རིང་གི་མནའ་བཞག་འཐུས་མིའི་རྗེས་རབས་པར་འཕྲིན་ལན་སྤྲིངས་ཏེ། ཁོང་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བ་དང་འབྲེལ་རེ་བ་ནན་པོ་ཡང་བཏོན་གནང་བ་རེད། འཕྲིན་ཡིག་ནང་དུ“1951ལོར་ཁྱེད་ཚོའི་སྔོན་བྱོན་པ་ཚུད་པའི་མི་རིགས་ཁག་གི་འཐུས་མིས་རྡོ་རིང་བཙུགས་ནས་བློ་གཅིག་སེམས་གཅིག་ངང་ཏང་གི་རྗེས་སུ་འབྲངས་པའི་དམ་བཅའ་བཞག་ཡོད། ལོ70ལྷག་ཙམ་རིང་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་ལ་ལྷག་བསམ་རྣམ་དག་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསོན་ཉམས་ལྡན་པའི་ལེའུ་བརྩམས་ཡོད”ཅེས་འཁོད་ཡོད། འཕྲིན་ཡིག་ནང“ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པ་དང་མི་རིགས་ང་དྲུག་ནི་ཕན་ཚུན་བརྩེ་སེམས་ཟབ་མོ་ལྡན་པའི་ཁྱིམ་ཚང་གཅིག་ཡིན། ཁྱེད་ཚོས་སྔོན་བྱོན་པའི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་སྟེ་དམ་ཚིག་རྡོ་རིང་གི་གཏམ་རྒྱུད་དེ་བས་ལེགས་པའི་སྒོ་ནས་མུ་མཐུད་དུ་བརྩམས་ཏེ་མི་རིགས་མཐུན་སྒྲིལ་གྱི་གཏམ་བཟང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་རེ་བ་ཡོད། མི་རིགས་ཁག་གི་མི་དམངས་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སེམས་ལ་བརྟན་པོར་ངེས་པ་དང་། ཁྲག་རྒྱུན་ནང་འདྲེས་ཤིང་། མེས་རྒྱལ་གྱི་མངའ་ཁོངས་བརྟན་སྲུང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཇི་ཙམ་བཞད་པ་དེ་ཙམ་གྱིས་མཛེས་སྡུག་ལྡན་པར་བྱེད་དགོས”ཞེས་བཀོད་ཡོད། འཕྲིན་ལན་ཐུང་ངུ་དེས་མི་རྣམས་ལོ70ལྷག་ཙམ་གོང་ཡུན་ནན་མཐའ་མཚམས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་ངང་སེམས་པ་ཏང་ལ་ཕྱོགས་པ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་དྲན་འཆར་ནང་འཐེན་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ཁྲོད་ཁྱབ་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཀྱང་དུས་དེ་ནས་འགོ་བརྩམས།
1950ལོའི་ཟླ6པར། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་གཅིག་འཁོར་བའི་སྐབས་སུ། ས་གནས་སོ་སོའི་སྤུན་ཟླའི་མི་རིགས་ཁྲོད་ནས་འཐུས་མི་བདམས་ཏེ་པེ་ཅིང་དུ་སོང་ནས་ཀྲུང་གོ་གསར་པ་བཙུགས་ནས་ལོ་གཅིག་འཁོར་བའི་བྱ་འགུལ་ལ་ཞུགས་རྒྱུ་ཐག་བཅད། 1950ལོའི་ཟླ9པའི་ཟླ་འགོར། ཕུའུ་ཨེར་ཆུས་ཀྱི་འཐུས་མི་ཚོས་གཟབ་མཆོར་སྤྲས་ནས་ཐོན་ཏེ་འགྲིམ་འགྲུལ་ཐད་ཀྱི་སྟབས་མི་བདེ་བ་མང་པོ་ཞིག་བསལ་ནས་ཟླ་བ་གཅིག་ཙམ་གྱི་དུས་ཚོད་ནང་ཟླ9པའི་ཚེས30ཉིན་བདེ་བླག་ངང་པེ་ཅིང་དུ་འབྱོར། 1950ལོའི་ཟླ9པའི་ཚེས30ཉིན། འཐུས་ཚབ་པ་རྣམས་གདན་ཞུས་ལྟར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་སྤེལ་བའི་རྒྱལ་སྟོན་དུས་ཆེན་གཟབ་རྒྱས་ལ་ཞུགས། མའོ་ཙེ་ཏུང་དང་ཀྲུའུ་ཏེ། ཀྲོའུ་ཨེན་ལའེ་སོགས་ཀྲུང་དབྱང་གི་འགོ་ཁྲིད་སྐུ་དངོས་སུ་གསོལ་སྟོན་ལ་ཕེབས་ནས་འཐུས་ཚབ་པ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། གསོལ་སྟོན་ཐོག་མི་རིགས་ཁག་གི་འཐུས་མིས་ཀྲུང་དབྱང་གི་འགོ་ཁྲིད་པར་ཆང་བཀྱག་གནང་བ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲངས་རྒྱུ་དང་། མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དང་མཐུན་སྒྲིལ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་ཐུན་མོང་ཐོག་བྱ་རྒྱུའི་ཆོད་སེམས་གཅིག་རྗེས་གཉིས་མཐུད་ངང་མཚོན་པ་རེད། ཟླ10པའི་ཚེས1ཉིན་གྱི་སྔ་དྲོར། མི་རིགས་ཁག་གི་འཐུས་མི་དང་རྒྱལ་སའི་ལྟད་མོ་བའི་འཐུས་མི་ཁྲི་བཅུ་ཕྲག་མང་བོས་མཉམ་དུ་ཀྲུང་གོ་གསར་པའི་རྒྱལ་སྟོན་མཛད་སྒོ་ཐོག་མར་བདེན་དཔང་བྱས། ཟླ10པའི་ཚེས3ཉིན། ཧོའེ་རེན་ཐང་ཚོམས་ཆེན་ནང་མའོ་ཀྲུའུ་ཞི་དང་། ཀྲུའུ་ཏེ། ཀྲོའུ་ཨེན་ལའེ་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མི་རིགས་ཁག་གི་འཐུས་མི་ཚོགས་པར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད།
མི་རིགས་ཁག་གི་མཛད་གཟིགས་ཚོགས་པས་པེ་ཅིང་གི་ས་གནས་ཁག་ལ་གཟིགས་སྐོར་ཟླ་གཅིག་ཙམ་བྱས་པ་དང་། དེ་རྗེས་ཐེན་ཅིན་དང་། ནན་ཅིན། ཧྲང་ཧའེ་སོགས་ལ་གཟིགས་སྐོར་གནང་བར་ཕེབས་ཤིང་། འཐུས་མི་ཚོ་ཕེབས་ཡུལ་ཚང་མར་ས་གནས་དེ་གའི་མི་དམངས་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད། འཐུས་མི་ཚོ་ཕ་ཡུལ་དུ་ལོག་རྗེས་ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་གནང་བས་མི་རིགས་མཐུན་སྒྲིལ་གྱི་བློ་བརྟན་འགྱུར་མེད་ཀྱི་སྐུལ་འདེད་པ་དང་སྲུང་སྐྱོབ་པར་གྱུར་ཡོད།
1951ལོའི་ཟླ་དང་པོའི་ཚེས1ཉིན་གྱི་སྔ་དྲོར། མི་རིགས་མཐུན་སྒྲིལ་མནའ་བཞག་ཚོགས་ཆེན་དང་མི་རིགས་མཐུན་སྒྲིལ་དྲན་གསོའི་རྡོ་རིང་གི་རྩིག་རྨང་འདིང་བའི་མཛད་སྒོ་ཉིང་ཨེར་ཐང་ཆེན་དམར་པོར་འཚོགས་པ་རེད། མི་རིགས26གི་འཐུས་མི48ཀྱིས་ཏའེ་ཡིག་དང་། ལ་ཧུའུ་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས《མི་རིགས་མཐུན་སྒྲིལ་གྱི་དམ་ཚིག》ཐོག་རང་འགུལ་ངང་མིང་རྟགས་བཀོད་པ་རེད། མི་རིགས་ཁག་གི་འཐུས་མིས་མིང་རྟགས་བཀོད་རྗེས་དམ་ཚིག་དེ་ཤོག་བུའི་ཐོག་གི་ཡིག་འབྲུ་ལྟར་རྡོ་རིང་ཐོག་བརྐོས་ནས“མི་རིགས་མཐུན་སྒྲིལ་གྱི་དམ་ཚིག་རྡོ་རིང”བཟོས་ཏེ་ཉིང་ཨེར་ཐང་ཆེན་དམར་པོར་བཙུགས་པ་དང་འབྲེལ“མི་རིགས་མཐུན་སྒྲིལ་གྱི་དམ་ཚིག་རྡོ་རིང”འཛུགས་པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་རེད། “མི་རིགས་མཐུན་སྒྲིལ་གྱི་དམ་ཚིག་རྡོ་རིང”ལ་ཀྲུང་གོ་གསར་པའི་མི་རིགས་མཐུན་སྒྲིལ་གྱི་རྡོ་རིང་དང་པོ་དང་ཀྲུང་གོ་གསར་པའི་མི་རིགས་ལས་དོན་གྱི་རྡོ་རིང་དང་པོ་ཞེས་འབོད་ཅིང་། དེ་ནི་ཀྲུང་གོ་གསར་པས་མི་རིགས་མཐུན་སྒྲིལ་གཏོད་པའི་བྱེད་སྒོ་སྤེལ་སྔ་ཤོས་ཀྱི་དངོས་དཔང་ཞིག་རེད། དེས་ཀྲུང་གོ་གསར་པའི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་མི་རིགས་ཁག་དབར་འདྲ་མཉམ་མཐུན་སྒྲིལ་དང་ཀྲུང་གོ་གསར་པར་ཁས་ལེན་གཏོགས་ཁོངས་ཀྱི་བརྩེ་སེམས་བདེན་དཔང་ཐུབ་ཡོད་ཅིང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་སྲིད་ཇུས་དང་འཐབ་ཕྱོགས་གཅིག་གྱུར་སྲིད་ཇུས་མཐའ་མཚམས་སུ་རླབས་ཆེའི་རྒྱལ་ཁ་ཐོབ་པའི་བདེན་དཔང་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་རིགས་ས་ཁུལ་དུ་མི་རིགས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་པ་མངོན་འགྱུར་བྱུང་བ་གསོན་ཉམས་དོད་པའི་ངང་མཚོན་པ་ཞིག་རེད།
ད་ཆ་དེ་སྔའི་ཏའེ་རིགས་ཀྱི་འཐུས་མིས་མའོ་ཀྲུའུ་ཞིར་ཕུལ་བའི་གསེར་གྱི་ཉི་གདུགས་དེ་རིམ་པ་དང་པོའི་རིག་དངོས་ལ་བརྩིས་ནས་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པ་དང་། དུས་ཡུན་རིང་པོ་སོང་ཡང་སྔར་བཞིན་དབྱེ་འབྱེད་ཐུབ་པའི་མི་རིགས་མཐུན་སྒྲིལ་གྱི་དམ་ཚིག་རྡོ་རིང་གི་ཡི་གེ་དེ་ཡུན་ནན་ཞིང་ཆེན་ཕུའུ་ཨེར་གྲོང་ཁྱེར་ཉིང་ཨེར་རྫོང་མི་རིགས་མཐུན་སྒྲིལ་གླིང་དུ་ཀྲོང་ངེར་འགྱིང་ཡོད། དེ་དག་ནི་ལོ་རྒྱུས་ཀྱི་དཔང་པོ་ཡིན་ཞིང་། དེའི་ཐོག་ནས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་བརྩི་བཀུར་དང་། ཀྲུང་གོ་གུང་ཁྲན་ཏང་གི་བསམ་འདུན་ལ་དགའ་ཞེན། བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲངས་བའི་ཆོད་སེམས་བཅས་མཚོན་ཡོད། ལོ70ལྷག་ཙམ་རིང་གསེར་གྱི་ཉི་གདུགས་དང་མི་རིགས་མཐུན་སྒྲིལ་གྱི་དམ་ཚིག་རྡོ་རིང་དེས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ70ལྷག་ཙམ་གྱི་འཕོ་འགྱུར་ཧ་ཅང་ཆེན་པོ་དང་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་བྱེད་པ། མི་རིགས་ཁག་གི་ཐུན་མོང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དར་རྒྱས་གོང་འཕེལ་གྱི་རྣམ་པར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་རླབས་ཆེན་ལོ་རྒྱུས་ཀྱི་འཕེལ་རིམ་བདེན་དཔང་བྱེད་ཐུབ་ལ། དེ་དག་གིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ནུས་པ་དེ་བས་ཆེ་བ་འདོན་སྤེལ་ཐུབ་ངེས་རེད་ཅེས་གསུངས།