ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་བཏང་ནས་ས་མཐོར་ཐོན་འབབ་ཡག་པོ་ཡོང་བར་བྱས་པ།

སྤེལ་དུས 2024-10-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— བོད་ལྗོངས་ཀྱིས་ཞིང་འབྲོག་ལས་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།
འདི་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་ཞིང་འཕྲུལ་མཉམ་ལས་ཁང་གི་གྲོང་མིས་འཕྲུལ་ཆས་ཅན་གྱི་ལོ་ཏོག་བརྔ་བསྡུ་བྱེད་བཞིན་པ།
  རྩོམ་སྒྲིག་པའི་གཏམ།
  བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་བསྟར་ནན་ཏན་བྱས་ཏེ། ས་གནས་ཁག་དང་སྡེ་ཚན་ཁག་ལ་བློ་བརྟན་འགྱུར་མེད་ངང་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ་དང་། གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ། གསར་དར་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་གནས་བབ་གལ་ཆེན་ཐོག་འཇོག་པར་སྐུལ་འདེད་བཏང་ནས། ལྗོངས་ཡོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་འཆར་འགོད་སྤྱི་འདོམས་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པས། རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུ། ས་མཐོའི་ཁྱད་ལྡན་ཞིང་འབྲོག བོད་ཀྱི་གསོ་བ་རིག་པ། མཐོ་གསར་གྲངས་འཛིན། མཐའ་མཚམས་ཚོང་དོན་དང་ཟོག་འགྲེམས། ཡོངས་སྤྱོད་མཁའ་འགྲུལ་བཅས“ཐོན་ལས་ཆེན་པོ་དགུར”ཕན་འབྲས་བཟང་པོ་ཐོན་ཡོད།
  ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། ང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། གསར་དར་ཐོན་ལས་གང་མགྱོགས་སྐྱེད་སྲིང་བྱེད་པ་དང་། འཕེལ་རྒྱས་གཏོང་བ། རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱ་ཆེད། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང“དེང་རབས་ཅན་ལ་དམ་པོར་དམིགས། སྒྱུར་བཅོས་སླར་ཡང་ཟབ་ཏུ་གཏོང”ཞེས་པའི་ཆེད་སྒྲིག་ལེ་ཚན་ཐོག“བོད་ཀྱི་ཐོན་ལས་འཕེལ་རྒྱས་ལ་ལྟ་ཞིབ་བྱེད”ཅེས་པའི་མུ་འབྲེལ་གསར་འགྱུར་བཏོན་ནས“ཐོན་ལས་ཆེན་པོ་དགུ”ཡི་འཕེལ་རྒྱས་ཀྱི་ཕན་འབྲས་གསལ་པོར་བསྟན་ཏེ་ཉམས་མྱོང་ཕྱོགས་སྡོམ་དང་། ཆོས་ཉིད་འཚོལ་ཞིབ། དཔྱད་གཞི་མཁོ་འདོན་བཅས་སྔར་ལས་ལྷག་པ་བྱ་རྒྱུ་ཡིན་པས་དོ་སྣང་ཡོད་པ་ཞུ།
  ཞིང་འབྲོག་ལས་ནི་བོད་ཀྱི་འབྱོར་འབྲིང་གི་རྨང་གཞི་དང་། འཕེལ་རྒྱས་ཀྱི་རྩ་བ། བརྟན་ལྷིང་གི་འགག་རྩ་བཅས་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆར་གཞི་ཚུགས་ཏེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞིང་འབྲོག་ལས་སྔོན་ལ་འཕེལ་རྒྱས་གཏོང་བ་དང་ཚུགས་གནས་མཐོ་པོས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང“འབྲུ་རིགས་ཐོན་འབབ་བརྟན་པོ་དང་། འབྲོག་ལས་དར་སྤེལ་གཏོང་བ། ཁྱད་ལྡན་སྟོབས་ཆེར་གཏོང་བ”བཅས་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་འབྲོག་ལས་དེང་རབས་ཅན་ལ་སྐུལ་འདེད་མྱུར་པོ་གཏོང་བ་དང་། ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ལེགས་ཆ་མུ་སྦྲེལ་ནས་གཏོད་པ། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“གྲུ་རྡོ”བརྟན་དུ་གཏོང་བ་བཅས་བྱས་ཡོད།
  བསྡོམས་རྩིས་གྲངས་གཞི་ལས་མངོན་པར། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་ལྗོངས་ཀྱི་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་139.13ཟིན་ཏེ་དུས་མཚུངས་ལས་14.9%འཕར་ནས་རྒྱལ་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་11.5ཡིས་མཐོ་བ་ཡོད་པ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་68.5ཟིན་ཏེ་དུས་མཚུངས་ལས་19.5%འཕར་བཟོ་ཡོད་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13547ཟིན་ཏེ་དུས་མཚུངས་ལས་8.2%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།
  ཚན་རྩལ་ལ་བརྟེན་ནས་སྒུལ་ཤུགས་བསྣན་པས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།
  ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཚན་ཞིབ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་རྩྭ་ཕྱུགས་མང་དུ་གཏོང་བའི་བྱ་སྤྱོད་སྤེལ་ཏེ་ཕྱུགས་རིགས་ལག་ཡོད་མགོ་གྲངས་དང་བཤས་གཏོང་ཚད་ཆེས་ཆེར་མང་དུ་བཏང་ཡོད། འདི་ལོ་རང་ལྗོངས་ཀྱིས་ཕྱུགས་ཟོག་ཕྱིར་ཚོང་གི་ཁ་གསབ་མ་དངུལ་སྤྲོད་པའི་ཇུས་གཞི་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་བས་ཕྱུགས་ཟོག་བཤས་ཁོངས་སུ་གཏོང་བའི་ཞིང་འབྲོག་པའི་ཧུར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་འབྲོག་ལས་ཀྱི་མངོན་མེད་སྒུལ་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། ཕག་པ་དང་ནོར་ལུག་བཤས་གཏོང་ཚད་མགོ་གྲངས་ཁྲི་147.85ཟིན་ཏེ་དུས་མཚུངས་ལས་48.6%འཕར་བ་དང་། ཤ་དང་། སྒོ་ང་། འོ་མ་བཅས་ཀྱི་ཐོན་འབབ་ཏུན་ཁྲི་48.78ཟིན་ཏེ་དུས་མཚུངས་ལས་23.4%འཕར་ཡོད།
  འབྲུ་རིགས་ཐོན་འབབ་སྔར་བས་བརྟན་དུ་གཏོང་ཆེད། རང་ལྗོངས་ཀྱིས་ཐང་རྒོད་དུ་གྱུར་པའི་ས་ཞིང་མུའུ་ཁྲི་1.22བསྐྱར་འདེབས་བྱས་པ་དང་། འབྲུ་རིགས་དང་པད་ཁ་མུའུ་རེའི་ཐོན་འབབ་གཞི་ཁྱོན་ཆེན་པོས་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་ཞིང་། སྔོན་དཔག་བྱས་ན། འདི་ལོ་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་298ཟིན་ནས་འབྲུ་རིགས་ཐོན་འབབ་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་གཏོད་རེ་ཡོད་པ་རེད། གཞན་ཡང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་ལྗོངས་ཀྱི་སྔོ་ཚལ་ཐོན་འབབ་ཀྱང་ཏུན་ཁྲི་80.76ཟིན་ནས་མི་སེར་ཚོའི“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་དེ་བས་བརྟན་དུ་ཕྱིན་ཡོད།
  “སྣེ་འདྲེན་ཁེ་ལས”ཀྱི་ཁྲིད་སྟོན་ལ་བརྟེན་ནས་སྒུལ་ཤུགས་འཕེལ་བར་བྱས་པ།
  “སྣེ་འདྲེན་ཁེ་ལས”ཀྱི་ཁྲིད་སྟོན་ལ་བརྟེན་ནས“ཞིང་གསུམ”ལ་ཕན་བཏགས་ཤིང་། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དེ་ཞིང་འབྲོག་ལས་གཉེར་སྐྱོང་གི་འགག་རྩའི་བྱེད་པོ་ཡིན་པའི་ངོས་ནས་ཞིང་འབྲོག་ལས་དང་བར་ཐག་ཉེ་ཤོས་དང་ཞིང་འབྲོག་མང་ཚོགས་དང་འབྲེལ་བ་ཟབ་ཤོས་སུ་གྱུར་ཡོད། ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པ་ནི་སྣེ་འདྲེན་ཁེ་ལས་སྤྱིར་བཏང་གི་བཟོ་ཚོང་ཁེ་ལས་དང་མི་འདྲ་བའི་ངོ་བོའི་ཁྱད་པར་ཡིན་ལ་སྲིད་གཞུང་གིས་སྣེ་འདྲེན་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཐོག་མའི་ཀུན་སློང་ཡང་རེད།
  “རྒྱལ་ཁབ་རིམ་པའི་སྣེ་འདྲེན་ཁེ་ལས་ལ་གཏན་འཁེལ་བྱས་པས་འགན་འཁྲི་དེ་བས་ཆེ་རུ་ཕྱིན་སོང”འདི་ལོའི་ཟླ་4པར་བོད་ལྗོངས་ཞིང་དར་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ཚུད་པའི་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་སྣེ་འདྲེན་ཁེ་ལས་3རྒྱལ་ཁབ་ཀྱི་གཙོ་གནད་སྣེ་འདྲེན་ཁེ་ལས་ལ་གཏན་འཁེལ་བྱས་པར་བརྟེན། ཀུང་སིའི་འགན་འཁུར་བ་ཀྲང་ཧུང་ལིན་གྱིས་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཚོར་ཡོད། ཀུང་སི་དེ་ནི་བོད་ཀྱི་གཞི་ཁྱོན་ཆེ་བའི་སྒོ་ང་ཐོན་སྐྱེད་ཀྱི་ཁེ་ལས་དང་པོ་དེ་ཡིན་པའི་ངོས་ནས་ནུས་ཆེ་དང་། ནུས་རྒྱུ་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་། འཁོར་རྒྱུག་བཅས་དམིགས་ཚད་དུ་བྱས་ཏེ་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་གཉེར་སྐྱོང་བྱེད་སྟངས་བཏོད་ཡོད། དེའི་གླིང་ཁུལ་དུ་གཟན་ཆག་ཐོན་སྐྱེད་དང་། སྐྱེ་ལྡན་ལུད་ཐོན་སྐྱེད། ཞིང་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན། སྐྱེ་ལྡན་འདེབས་འཛུགས། བྱ་སྒོང་ཐོན་སྐྱེད་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས་ཐོན་ལས་འཁོར་འབྲེལ་ཆེ་རུ་ནུས་ལྡན་བཏང་ཡོད།
  ཞིང་འབྲོག་དུད་ཚང་དང་ཉིན་རེ་བཞིན་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པས། སྣེ་འདྲེན་ཁེ་ལས་དེ་ཉིད་ཞིང་འབྲོག་པའི་སྣེ་ཁྲིད་དེ་ཁྲོམ་ར་གཏོད་པ་དང་ཞིང་འབྲོག་ཐོན་རྫས་མཁོ་སྤྲོད་འགན་ལེན་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད། ཀུང་སིས“ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་དེ་ལྷོ་ཁའི་རྫོང(ཆུས)3དང་མཉམ་སྡེབ་དཔལ་འབྱོར་ཞན་པའི་གྲོང་ཚོ་20བོད་བྱ་གསོ་ཚགས་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པས་གྲོང་ཚོ་རེར་ལོ་ལྟར་འབབ་འཕར་སྒོར་ཁྲི་20ཡན་བྱུང་ཡོད།
  འདི་ལོ་རང་ལྗོངས་སུ་ཞིང་ལས་ཐོན་ལས་ཅན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྣེ་འདྲེན་ཁེ་ལས་3མང་དུ་སོང་བ་དང་། ཞིང་ལས་ཐོན་ལས་ཅན་གྱི་གྲོང་ཁྱེར་རིམ་པའི་གཙོ་གནད་སྣེ་འདྲེན་ཁེ་ལས་16བབ་བསྟུན་ལེགས་སྒྲིག་དང་གཏན་ཁེལ་བྱས་པ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་187ཟིན་ཡོད། སྲིད་ཇུས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག་སྣེ་འདྲེན་ཁེ་ལས་ཀྱང་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་ལྟར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།
  ཐོན་ལས་གཉིས་པ་དང་གསུམ་པ་འབྲེལ་མཐུད་བྱས་ཏེ་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་བཏང་བ།
  ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐོན་ལས་དང་པོ་རྨང་གཞིར་བྱས་པའི་ཐོན་ལས་འཁོར་འབྲེལ་དེ་ཐོན་ལས་གཉིས་པ་དང་གསུམ་པར་སྣུར་སྲིང་བྱས་ནས། ཐོན་ལས་གསུམ་པོ་མཉམ་འདྲེས་ལ་སྐུལ་འདེད་བཏང་བ་དང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་བཏང་བ། ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་བཅས་བྱས་ནས“མཛེས་སྡུག་ལྡན་པའི་གྲོང་གསེབ+”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི“ལྡབ་འགྱུར་ནུས་འབྲས”ཐོན་པར་བྱས་ཡོད།
  དེ་དང་ཆབས་ཅིག་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་ཁྱུ་ཚོགས་དང་། ཞིང་ལས་ཐོན་ལས་གླིང་། ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་བཅས་ལ་ཚོད་སྐོར་བྱེད་པའི་ལས་ཀར་སྐུལ་འདེད་ཏན་ཏིག་བཏང་ཡོད། འདི་ལོ་ཀྲུང་དབྱང་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར་1.45བཏང་སྟེ། རྒྱལ་ཁབ་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཁྱུ་ཚོགས་1དང་། དེང་རབས་ཀྱི་ཞིང་ལས་ཐོན་ལས་གླིང་1 ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་5བཅས་གསར་དུ་བསྐྲུན་ཡོད། མིག་སྔར། བོད་དུ་རྒྱལ་ཁབ་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཁྱུ་ཚོགས་དང་། དེང་རབས་ཞིང་ལས་ཐོན་ལས་གླིང་། ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་སོགས་ཁྱོན་43བསྐྲུན་པ་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་གྲངས་སྤྱིར་ན་ཞིང་འབྲོག་ལས་ཀྱི་གཙོ་ཁྲིད་ཐོན་ལས་ལ་ཁྱབ་ཡོད་པ་རེད།
  “རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཞིབ་ཕྲའི་མཛུབ་ཁྲིད་འོག ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཆེད་དོན་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གིས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་མ་ལག་ཐོག་མཐའ་བར་གསུམ་དུ་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། གཙོ་གནད་ལྷུ་ཚིགས་ལ་དམིགས་པ། ལས་ཀའི་བྱེད་ཐབས་གསར་གཏོད་བཅས་བྱས་ཏེ‘ཐོན་ལས་གཉིས་པ་དང་གསུམ་པ་འབྲེལ་མཐུད་བྱེད་པའི’ཞིང་ལས་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་ནས། ཞིང་འབྲོག་ལས་ཀྱི་སྤུས་ཚད་དང་ཕན་འབྲས་སྤྱི་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ཐོན་ལས་ཁྲུའི་ཁྲུའུ་ཀྲང་ཚེ་རིང་སྒྲོལ་མས་བཤད།
  འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བརྟན་པོ་བྱེད་པ་ནས་ཞིང་འབྲོག་ལས་དེང་རབས་ཅན་གྱི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བར་དང་། དེ་ནས་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་བར་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་དང་། རིན་ཐང་འཁོར་འབྲེལ་ཟམ་མི་ཆད་པར་མཐོར་འདེགས། མཁོ་སྤྲོད་འཁོར་འབྲེལ་ཟམ་མི་ཆད་པར་སྲ་བརྟན་བཅས་ལ་སྐུལ་འདེད་བཏང་སྟེ། དོན་དངོས་དང་འཚམ་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པས་གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་མཐོར་གཏོང་དང་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་རབ་ཏུ་འཕེལ་བ་དང་། རྣམ་པ་གསར་པ་དང་སྟོབས་ཆེའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།