ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་སླར་གསོར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ།

སྤེལ་དུས 2024-11-01 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  སྐུ་ལྷ་དར་གདོང་གངས་རིའི་ལྷོ་ནུབ་ཕྱོགས་ཀྱི་ས་བབ་མཐོ་ཚད་སྨི་6542ཟིན་པའི་སར་གནས་པའི་སྤྱང་རྒན་སྡེ་རུ་འཁྱགས་རོམ་ནི་འབྲི་ཆུའི་ཆུ་འགོའི་གྲས་ཤིག་རེད།
  འཁྱགས་རོམ་གྱི་འདབས་སུ་བོད་རང་སྐྱོང་ལྗོངས་ཨ་མདོ་རྫོང་དམར་ཆུ་ཤང་གནས་ཤིང་། འཁྱགས་རོམ་དང་མཐའ་འཁོར་གྱི་རྩྭ་ཐང་སྲུང་སྐྱོང་བྱ་ཆེད། ལོ་10ཡི་རིང་དམར་ཆུ་ཤང་གིས་ཕྱུགས་རིགས་ཀྱི་གྲངས་འབོར་40%ཙམ་ཉུང་དུ་བཏང་ཡོད།
  “ང་ཚོས་དུས་ཐུང་གི་ཁེ་ཕན་ཁོ་ནར་བསམ་བློ་བཏང་ནས་སྡོད་ཀྱི་མེད”ཅེས་དམར་ཆུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཚེ་དབང་སྒྲོལ་མས་བརྗོད་པ་དང་། ཁོང་གིས་སྐྱེ་ཁམས་ཀྱི་དམར་ཐིག་ནན་པོ་སྲུང་བ་ཙམ་མ་ཡིན་པར་འཁྱགས་རོམ་གྱི་གཙོ་གནད་སྲུང་སྐྱོང་ཁུལ་ལ་རྣམ་པ་གང་རུང་གི་གསར་སྤེལ་བྱེད་དུ་འཇུག་གི་མེད་ཅེས་བརྗོད།
  2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས། “བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ནི་ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་གནམ་འོག་དྲིན་གྱིས་སྐྱོང་བར་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན”ཞེས་གསུངས་ཡོད།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་དང་གྲོང་ཁྱེར་གྱི་སྤྱི་གླིང་སྔོ་འགྱུར་བྱ་སྤྱོད་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་བ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་སྐྲུན་པར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་ཏན་ཏིག་བཏང་ཡོད།
  རྒྱལ་ཁབ་ས་ཆའི་བར་མཐོངས་བཀོད་སྒྲིག་བྱེད་ལེགས་སུ་བཏང་ནས་ས་མཐོའི་རྩྭ་དང་རྩི་ཤིང་དང་ཆུ་ཁྲི་རི་སྟོང་སྲུང་སྐྱོང་ཡག་པོ་བྱས་ཡོད།
  སྲུང་སྐྱོང་སྔོན་ལ་བྱས་ཤིང་། བོད་ཀྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་མཐའ་འཁྱོངས་བྱས་ཏེ《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་སྐྲུན་པའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག”བཏོན་པ་དང་། གངས་རི་དང་འཁྱགས་རོམ་གལ་ཆེན་ལ་བཀག་སྡོམ་སྲུང་སྐྱོང་བྱས་ནས་བྱང་ཐང་དང་། ཇོ་མོ་གླང་མ། གངས་རིན་པོ་ཆེ་སོགས་དཔེ་མཚོན་ས་ཁོངས《རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་སྒྲིག་ཇུས་གཞིར》འཇུག་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། མིག་སྔར། བོད་ཀྱི་རང་བྱུང་སྲུང་སྐྱོང་ས་ཆའི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་36%བཟུང་ཡོད།
  2023ལོའི་ལོ་མཇུག་བར། བོད་ལ་སྐམ་སའི་རི་སྐྱེས་སྒལ་ཚིགས་སྲོག་ཆགས་རིགས་1072ཡོད་ཅིང་། རི་སྐྱེས་སྲོག་ཆགས་ཆེ་འབྲིང་གི་རིགས་ཁྱུའི་གྲངས་འབོར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། གཙོད་ཀྱི་རིགས་ཁྱུའི་གྲངས་འབོར་ཁྲི་30ལྷག་ཙམ་ཟིན་པ། དེ་སྔོན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྟོངས་ཟིན་པའི་ངོས་འཛིན་བྱས་པའི་ཤྭ་བ་སེར་ཆེན་གྱི་གྲངས་འབོར་800ལྷག་ཙམ་བར་མང་དུ་ཕྱིན་ཡོད།
  བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཙང་ཆུ་འབབ་རྒྱུད་གལ་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོར་ཤུགས་སྣོན་བརྒྱབ་ཡོད།
  ཡར་ཀླུང་གཙང་པོའི་བར་རྒྱུད་ལུང་གཞུང་གི་ངོགས་གཉིས་སུ་རིང་ཚད་སྤྱི་ལེ་160དང་ཞེང་ཚད་སྨི་1800ཙམ་ཟིན་པའི“སྤྱི་ལེ་བརྒྱའི་ལྗང་མདོག་སྐྱེ་ཁམས་ཁྱམས་རིང”སྔོ་ཐིང་ངེར་གནས་ཡོད།
  གྲ་ནང་རྫོང་གྲ་ཕྱི་ཤང་ནོར་སྟོད་གྲོང་ཚོའི་མཐོ་སར་ལངས་ནས་རྒྱང་ལྟ་བྱེད་སྐབས་གང་སར་སྔོ་ལྗང་ལྗོན་ཤིང་གིས་བཀླུབས་འདུག ཡུལ་མི་དཔལ་འབྱོར་གྱིས་ས་བཟུང་རྒྱ་ཁྱོན་མུའུ་450ལྷག་ཙམ་ཟིན་པའི་སྡོང་ཕྲུག་རྟེན་གཞི་གཉེར་སྐྱོང་བྱེད་པ་དང་ཉེ་བའི་ལོ་ཤས་རིང་སྔོ་འགྱུར་ལས་གྲྭ་མང་པོ་ཞིག་འགན་བླངས་ཤིང་། ཁོང་གིས“ལོ་བཞི་བཅུ་ཡི་གོང་འདི་གར་ལྗོན་ཤིང་རྐང་གཅིག་ཀྱང་མཐོང་རྒྱུ་མེད། ད་ཆ་ལྗོན་ཤིང་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཁོར་ཡུག་སྔོ་ལྗང་ཅན་ལ་གྱུར་པ་དང་། ཡུལ་མིར་འབབ་འཕར་བྱུང་བ། འཚོ་བ་ཡག་ཏུ་ཕྱིན་པ་བཅས་དངོས་གནས་གཅིག་གོ་གསུམ་ཆོད་རེད་འདུག”ཅེས་བརྗོད།
  བོད་ཀྱིས་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་དང་། ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་གོང་དཀར་གནམ་ཐང་གི་མཐའ་འཁོར། དེ་བཞིན“གཙང་པོ་གཉིས་དང་ཆུ་བོ་བཞི”འབབ་རྒྱུད་ཀྱི་ནགས་བཟོ་སྔོ་འགྱུར་སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་ལག་བསྟར་མགྱོགས་མྱུར་བྱས་ནས་ནགས་ཚལ་དང་། འདམ་ར། རྩ་ཐང་། ཆུའི་སྐྱེ་ཁམས་སོགས་ཀྱི་ཁྱབ་ཁོངས་ལ་ཁྱབ་པའི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་བཙུགས་ཡོད། 2023ལོར་ལྗོངས་ཡོངས་སུ་ནགས་བཟོ་མུའུ་ཁྲི་120བྱས་པ་དང་རྩྭ་ཐང་ཞན་འགྱུར་མུའུ་ཁྲི་614སླར་གསོ་བཅོས་སྐྱོང་བྱས་པས། ནགས་ཚལ་ཁེབས་ཚད་12.31%བར་མཐོ་རུ་ཕྱིན་པ་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ལྗང་ཁེབས་ཚད་48.02%ཟིན་ཡོད། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་ཤིང་། སྤོ་བོ་དང་། འཕྱོངས་རྒྱས། འཇོ་མདའ་སོགས་རྫོང(གྲོང་ཁྱེར་དང་ཆུས)11རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་དུ་གྱུར་ཡོད།
  2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས་ལས་མངོན་པར། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཀྱི་དམིགས་ཚད་ཚང་མ་ཡག་པོ་ཡོད་པ་དང་། ས་ཁོངས་ཡོངས་ཀྱི་ཆུ་དང་མཚོའི་གདེང་འཇོག་ཡག་པོ་ཡིན་ཚད་100%ཟིན་པ། གཙོ་གནད་ཆུ་དང་མཚོའི་སྐྱེ་ཁམས་རྒྱུགས་ཚད་ཀྱི་ཚད་གཞི་ལོན་ཚད་99.96%ཟིན་པ་བཅས་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།
  སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ནས་བོད་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་བཀོད་པ་རགས་ཙམ་ཆགས་ཡོད། ནུས་རྒྱུ་གཙང་མ་སོགས་ལྗང་མདོག་ཐཱན་ཉུང་གི་ཐོན་ལས་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་ཕྱིན་ནས་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་བཏང་བའི་ནང་ནུས་རྒྱུ་གཙང་མའི་བསྡུར་ཚད་90%ལྷག་ཙམ་ཟིན་པ་དང་། ཞིང་འབྲོག་པ་ཁྲི་220ལྷག་ཙམ་ལ་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་ལོངས་སྤྱོད་ཐུབ་ཡོད།
  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དོ་དམ་ལམ་ལུགས་དོན་འཁྱོལ་གྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྣ་མང་ཅན་གྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་མ་འཇོག་ལམ་སྲོལ་འཛུགས་དགོས”ཞེས་བཏོན་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས། བོད་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁྲིམས་བཞིན་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་ཧུར་ཐག་སྐྲུན་གྱི་ཡིན་ཞེས་གསུངས་པ་རེད།