ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས། ཀ་རྟེན་ཐོན་ལས་ཧུར་ཐག་བཏོད།

སྤེལ་དུས 2024-11-04 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
བོད་ལྗོངས་ཀྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ནས་རྣམ་པ་གསར་པ་བཏོད་པ།
འདི་ནི་ཟླ་10ཚེས་27ཉིན། ལྷ་ས་གྲོང་ཁྱེར་བྱང་འདབས་ཀྱི་རྟ་རྒྱུག་ཐང་དུ་གཉེར་བའི་2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་སྲོལ་རྒྱུན་རྟ་རྩལ་འགྲན་བསྡུར་བྱ་ཡུལ་ཡིན་པ།
  བོད་ལྗོངས་ཀྱི་དེང་རབས་གྲོང་ཁྱེར་གྱི་འཚོ་བ་མཚོན་པའི་རྒྱུན་མཐུད་འཁྲབ་ཚན་ཐོག་མ《ཉི་འོད་གྲོང་ཁྱེར》གྱིས་བོད་ལྗོངས་ཀྱི་དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས་དང་། མི་ཆོས་རིག་གནས་དང་ཡུལ་གོམས་གཤིས་ལུགས། གཞོན་ནུའི་འབད་འཐབ་གཏམ་རྒྱུད་བཅས་བསྟན་པས། ལྟད་མོ་བ་མང་པོའི་ཡིད་དབང་བཀུག་ནས་རྒྱུན་མཐུད་འཁྲབ་ཚན་དེ་ལྟ་བའི་ཚ་རླབས་ཤིག་འཕྱུར་ཡོད། འདི་ལོའི་རྒྱལ་སྟོན་གུང་གསེང་རིང་། ལྷ་སས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་198.91ལ་སྣེ་ལེན་ཞུས་ཡོད། 《ཉི་འོད་གྲོང་ཁྱེར》གང་སར་སྐད་གྲགས་ཆེན་པོ་ཆོད་ནས་ལྷ་སར་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་ཕྱིན་པ་མ་ཟད། བོད་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་སྟངས་འཚོལ་ཞིབ་བྱེད་པར་ཡང་ཉམས་མྱོང་བསགས་ཡོད།
  བོད་ལྗོངས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་ཞིག་དང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་ཡིན་ཞིང་། ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རང་བྱུང་མཛེས་ལྗོངས་ཀྱི་ཡིད་དབང་འཕྲོག་ཤུགས་དམིགས་བསལ་ཆེ་བ། མི་ཆོས་རིག་གནས་ཀྱི་ཉམས་འགྱུར་རྣམ་པར་བཀྲ་བ་བཅས་ཡོད་པས། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་དམིགས་བསལ་གྱི་ལེགས་ཆ་ལྡན་ཡོད། བོད་ལ་འགྲོ་རྒྱུ་ནི་མི་མང་པོ་ཞིག་གི་འདུན་པ་ཆེ་ཤོས་དེ་རེད།
  བསྡོམས་རྩིས་ལས་མངོན་པར་གཞིགས་ན། འདི་ལོའི་ཟླ་1པོ་ནས་9པའི་བར། ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5700ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15.3%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་འཛད་སྤྱོད་སྒོར་དུང་ཕྱུར་670.55ཟིན་པ་དེ་དུས་མཚུངས་ལས་12.9%འཕར་བ། ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་89ཙམ་ཟིན་པ་དེ་དུས་མཚུངས་ལས་22%འཕར་ཡོད།
  སྲིད་ཇུས་ལེགས་པས་ཁྲོམ་རའི་ཚ་རླབས་དྲག་ཏུ་འཕྱུར།
  “འདི་ལོ་བོད་ལྗོངས་སྐོར་གྱི་སྐད་ཆའི་གླེང་གཞི་མང་པོ་ཞིག་ཡོད། ད་ཆ་ཟླ་10པའི་ཟླ་མཇུག་ཏུ་སླེབས་ཀྱང་ཡུལ་སྐོར་ལ་ཡོང་མཁན་ད་དུང་ཉུང་དུ་ཕྱིན་མེད”བོད་ལྗོངས་བྷོ་ཊའི་རིག་གནས་ཉམས་ལེན་ཁང་གི་འགན་འཁུར་བ་ཉི་མ་ཚེ་རིང་གིས་བོད་ཀྱི་རིག་གནས་ཉམས་ལེན་གྱི་ཚ་རླབས་ལས་ཡུལ་སྐོར་ལ་སྐུལ་ཁྲིད་ཐུབ་པ་ཕུད། ད་དུང་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་སྲིད་ཇུས་བཟང་བས་འདི་ལོ་ཡུལ་སྐོར་བ་མང་བའི་དུས་ཚོད་ཡོལ་ཡང་ཡུལ་སྐོར་བ་སྔར་བཞིན་མང་པོ་ཡོད་ཅེས་བཤད།
  ཟླ་10ཚེས་15ཉིན་ནས་སང་ལོའི་ཟླ་3ཚེས་15ཉིན་བར། 2024ལོའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”སྲིད་ཇུས་ལག་བསྟར་བྱེད་པའི་དུས་ཚོད་ཡིན་པ་དང་། བྱེད་སྒོར་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ་སོགས་མཛེས་ལྗོངས་ཁུལ་དུ་སྤ་སེ་ཉོ་མི་དགོས་པ་དང་གསོལ་མགྲོན་ཁང་དུ་ཞག་སྡོད་དང་མཁའ་འགྲུལ་ཀུང་སིའི་སྤ་སེར་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་རིན་གོང་ལག་བསྟར་བྱེད་པ་མ་ཟད། ད་དུང་བོད་དུ་ཡོང་བའི་གནམ་གྲུའི་སྤ་སེ་དང་མེ་འཁོར་གྱི་སྤ་སེ་སྤྲོད་པ། “ཕ་མ་བུ་ཕྲུག་གི་ཡུལ་སྐོར”དང“དབུ་དཀར་ཡུལ་སྐོར”གྱི་འཛད་སྤྱོད་འཛིན་ཤོག་སྤྲད་དེ་བོད་དུ་ཡུལ་སྐོར་བྱེད་པའི་ཚ་རླབས་སྲིང་བ་དང་དགུན་དུས་ཀྱི་ཁྲོམ་ར་འཁྲུག་ཆ་དོད་དུ་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད། “‘དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི’བྱེད་སྒོ་བསྟུད་མར་ལོ་མང་སྤེལ་ནས་བོད་ཀྱི་ཡུལ་སྐོར་གཉེར་སྐྱོང་གི་དུས་ཚོད་རིང་དུ་ཕྱིན་པ་དང་གཟིགས་སྐྱོང་བྱེད་ཐབས་ཁག་གིས་ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་པ་མ་ཟད། རྒྱ་ཆེའི་ཡུལ་སྐོར་བ་བོད་དུ་ཡོང་བའི་སྤྲོ་སེམས་ཀྱང་ཆེ་རུ་ཕྱིན་ཡོད”ཅེས་བོད་ལྗོངས་ཁམས་བདེ་ཡུལ་སྐོར་ལས་དོན་ཚད་ཡོད་འགན་འཁྲི་ཀུང་སིའི་སྡེ་ཚན་གྱི་འགན་འཁུར་བ་ལིའུ་ཆང་གིས་བཤད།
  “རིག་གནས་ཡུལ་སྐོར+N”ལ་བརྟེན་ནས་མཉམ་འདྲེས་ནུས་པ་འཕེལ་བར་བྱས།
  རིག་གནས་ལ་བརྟེན་ནས་ཡུལ་སྐོར་བཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱས་ཤིང་། “རིག་གནས་ཡུལ་སྐོར+N”ནི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། འདི་ལོའི“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པར་དྲན་གསོ་ཞུ་བའི་ཉིན་མོ་མཚམས་ཚིགས་སུ་བྱས་ཏེ་རང་ལྗོངས་སུ“སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས”འགོ་བརྩམས་པ་ནི“རིག་གནས་ཡུལ་སྐོར+N”ལ་སྐུལ་འདེད་ཧུར་ཐག་གཏོང་བའི་གལ་ཆེའི་ལག་ལེན་ཞིག་རེད། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཧྲི་ཡུས་ཧུའེ་ཡིས་བརྗོད་དོན“སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིཌ”ཀྱིས་སྔ་རྗེས་སུ་རིགས་ཁག་གི་བརྗོད་དོན་གཙོ་བོའི་རིག་རྩལ་དགོང་ཚོགས་དང་རིག་རྩལ་འཁྲབ་སྟོན་སྣ་ཚོགས་སྤེལ་ཡོད། གླུ་གཞས་ལ་བརྟེན་ནས་གྲོགས་པོ་སྒྲིག་པ་དང་། ཞབས་བྲོ་འཁྲབ་ནས་བརྩེ་སེམས་བརྒྱུད་སྤྲོད་བྱེད་པ། དབྱིངས་བཞུགས་རྣམ་པའི་སྒྱུ་རྩལ་མྱོང་རོལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཡུལ་སྐོར་བས་བོད་ཀྱི་རིག་གནས་ལ་སྔར་བས་མྱོང་རོལ་ཐུབ་པ་དང་ཐོན་ལས་མཉམ་འདྲེས་སྔར་བས་གཏིང་ཟབ་ཡོང་བར་བྱས་ཡོད། “སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས”ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་ནས་བཟུང་ཁྱོན་འཁྲབ་སྟོན་ཐེངས་84བྱས་པར་རིམ་རྩིས་བྱས་ན་འཁྲབ་སྟོན་བྱ་ཡུལ་དུ་ལྟད་མོ་བ་མི་ཐེངས་ཁྲི་6.6ཙམ་ཟིན་པ་དང་དྲ་ཐོག་གི་ཐད་གཏོང་ལྟ་མཁན་མི་ཐེངས་ཁྲི་365ལྷག་ཙམ་ཟིན་ཡོད། “སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས”གསར་གཏོད་བྱས་པ་ཕུད། འདི་ལོ་རང་ལྗོངས་ཀྱིས་ད་དུང་སྐབས་གཉིས་པའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་དང་། “དུས་བཞིའི་གྲོང་ཚོའི་མཚན་ཚོགས”“ང་ཚོའི་དུས་ཆེན”སོགས་ཀྱི་བྱེད་སྒོ་སྤེལ་བ་དང་ཁྱོན་འཁྲབ་སྟོན་ཐེངས་6000ལྷག་ཙམ་བྱས་པར་ལྟད་མོ་བ་དང་ཡུལ་སྐོར་བ་མི་ཐེངས་ཁྲི་126ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད།
  ཟླ་10ཚེས་9ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་བཏོད་པའི“རི་ཀླུང་བརྒལ་ནས་བསྐྱོད། སྐལ་བཟང་མེ་ཏོག་བཞད། —— རླངས་འཁོར་ལ་བསྡད་ནས་ཀྲུང་གོར་ལྟ·བོད་དུ་སྐྱོད”ཅེས་པའི་མཉམ་འདྲེས་སྨྱན་སྦྱོར་གྱི་བྱེད་སྒོ་ཆེ་གྲས་སྤེལ་འགོ་ཚུགས་པ་རེད། ཟླ་10ཚེས་11ཉིན་ནས་བཟུང་ཉིན་14ཡི་རིང་གི་ཐད་གཏོང་དང་རིམ་སྤེལ་བརྙན་ལམ་བརྒྱུད་འགྲུལ་བཞུད་ཀྱི་རྣམ་པའི་ཐོག་ནས་དྲ་གྲོགས་ཚོར་བོད་ཀྱི་ཡུལ་སྐོར་ལམ་ཐིག་གསར་པ་བསྟན་ནས་བོད་ཀྱི་རང་བྱུང་གི་མཛེས་ལྗོངས་དང་། ལོ་རྒྱུས་དང་མི་ཆོས་རིག་གནས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། བསྟུན་མཁས་དང་སྒོ་དབྱེ་བཅས་གང་ལེགས་མངོན་པར་བྱས་ནས་བོད་ཀྱི་ཡུལ་སྐོར་གྱི་ཚ་རླབས་སྔར་བས་ཆེ་རུ་བཏང་ཡོད།
  བསྡོམས་རྩིས་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་དྲ་ཐོག་ཏུ་འཚོལ་མང་བའི་ནང་དོན་164དང་གླེང་ཆ་ཆེ་རིམ་60བྱུང་བ་དང་། གླེང་གཞི་ལྟ་མཁན་དུང་ཕྱུར་10.85+ཟིན་ཡོད། CGTNདབྱིན་ཇི་དང་། སི་ཕེན། ཧྥ་རན་སེ། ཨ་རབ། ཨུ་རུ་སུ་བཅས་ཀྱི་སྐད་ཡིག་ལས་སྟེགས་སུ་ཕྱི་རྒྱལ་ནས་ལྟ་ཀློག་བྱེད་ཚད་ཐེངས་དུང་ཕྱུར་1.29ཟིན་ཡོད།
  རིག་གནས་ཡུལ་སྐོར་དང་ཁྱབ་ཁོངས་གཞན་དག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་བརྒྱུད“མཉམ་འདྲེས”ཀྱི་འདུ་ཤེས་ལ་བརྟེན་ནས་ལས་སྟེགས་བཏོད་དེ་རིག་གནས་ཡུལ་སྐོར་ལ་གསོན་ཤུགས་སྔར་བས་འཕེལ་བ་དང་ཐོན་ལས་སྔར་བས་རྒྱང་རིང་དུ་སྐྱོད་ཐུབ་པ་བྱས་ཡོད།
  སྤུས་འབྲས་ལེགས་གཉེར་བྱས་ནས་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་བཏང་།
  ཉེ་བའི་ལོ་ཤས་རིང་། མི་རྣམས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་འཛད་སྤྱོད་ཀྱི་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་པ་དང་བསྟུན་ནས་འཁོར་ཁྲིད་ཡུལ་སྐོར་སོགས་ཉུང་ཚོགས་ཅན་གྱི་རྣམ་པའི་ཐོག་ནས་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་ཕྱིན་པ་མ་ཟད། རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་དགོས་མཁོའང་སྔར་བས་སྣ་མང་ཅན་དུ་གྱུར་ཡོད། རང་ལྗོངས་ཀྱིས་རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། ས་གནས་ཁག་གིས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་སྤྲོ་གསེང་ཁུལ། ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་སོགས་ཀྱི་དམིགས་སའི་གནས་རིམ་མཐོ་རུ་བཏང་ནས་ཡུལ་སྐོར་བ་མི་འདྲ་བའི་དགོས་མཁོ་སྐོང་གང་ཐུབ་བྱས་ཡོད།
  “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་169.8བཏང་ནས་G318དང་G109ཡི་སྤུས་ཚད་ལེགས་གཏོང་སྒྱུར་བཀོད་དང་G219གསར་སྐྲུན་ལས་གྲྭར་སྤྱད་དེ་ལམ་དྲའི་འཁོར་སྐྱོད་ལས་ཕྱོད་དང་འཕྲལ་སྡོམ་འགན་ལེན་ནུས་པ་ཆེ་རུ་ནུས་ལྡན་བཏང་བ་དང་། ཡུལ་སྐོར་ལམ་ཐིག་དེ་བས་མང་བ་བཏོད་ནས་ལམ་རྒྱུད་ཀྱི་མང་ཚོགས་དེ་བས་མང་བར་ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་རག་པར་སྐུལ་ཁྲིད་བྱས་ཡོད།
  མིག་སྔར་རང་ལྗོངས་ཀྱི་ལམ་ཐིག་5རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲའི་གྲས་སུ་བདམས་པ་དང་འབྲེལ“བཞི་ལྡན”ཡུལ་སྐོར་གྱི་ཁྱད་ལྡན་གྲོང་གསེབ་16བདམས་ནས་སྒྱུར་བཀོད་རིམ་སྤོར་བྱས་ཡོད། འདི་ལོ་བོད་ཀྱིས་ཁུལ་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་7དང་མཐའ་མཚམས་གྲོང་གསེབ་ཀྱི་ཡུལ་སྐོར་ཁྱད་ལྡན་གྲོང་ཚོ་7འཛུགས་སྐྲུན་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་བ་དང་འབྲེལ་ཀྲུང་གོའི་ཡུལ་སྐོར་འཁོར་གྲུ་མཐུན་ཚོགས་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་རྒྱལ་ཡོངས་ཀྱི་འཁོར་ཁྲིད་ཡུལ་སྐོར་གྱི་ལམ་ཐིག་མཛེས་ཤོས་ལ་སྙན་ཞུ་འབུལ་རྩིས་ཡོད་པ་རེད། དེ་དང་ཆབས་ཅིག་G219དང་། G318 G317 G349སོགས་ཡུལ་སྐོར་ལམ་ཐིག་རྩེ་གྲ་ནུས་ཤུགས་ཡོད་རྒུས་བཏོད་པས་རྒྱལ་ལམ་བརྒྱུད་བོད་དུ་ཡུལ་སྐོར་དུ་བསྐྱོད་རྒྱུ་དེ་མིག་སྔའི་ཡུལ་སྐོར་གྱི་དར་སྲོལ་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད།
  DIYཐང་ག་དང་། སྤོས། ཕྱིང་པ་སོགས་རིག་གནས་བསམ་བཀོད་ཀྱི་ལག་ཤེས་ཐོན་རྫས་དེ་དག་བོད་དུ་དར་སོ་ཆེ་རུ་ཕྱིན་ནས་ཡུལ་སྐོར་འཛད་སྤྱོད་ཀྱི་རྣམ་པ་གསར་པ་ཞིག་ཏུ་གྱུར་ཡོད།
  “ཡུལ་སྐོར་བས་ས་གནས་ས་ཐོག་གི་འགྲེམས་སྟོན་ཁྲོད་ནས་བོད་ཀྱི་སྲོལ་རྒྱུན་ལག་རྩལ་ཤེས་རྟོགས་དང་། ཡུལ་དེ་གའི་མིའི་ངལ་རྩོལ་དང་། འཚོ་བ། རིག་གནས་བཅས་ལ་རྒྱུས་ལོན་བྱས་ནས་དངོས་ཡོད་དང་དམིགས་བསལ་གྱི་ཉམས་ལེན་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་བོད་ལྗོངས་བྷོ་ཊའི་རིག་གནས་ཉམས་ལེན་ཁང་གི་འགན་འཁུར་བ་ཉི་མ་ཚེ་རིང་གིས་བཤད་ཅིང་། ཁོང་གིས་བྷོ་ཊའི་རིག་གནས་ཉམས་ལེན་ཁང་དུ་ཡུལ་སྐོར་བས་ཇ་བསྲུབས་མ་བཟོ་སྟངས་དང་སྤོས་བཟོ་སྟངས་སོགས་ཉམས་ལེན་བྱས་ནས་གསོན་ཉམས་དོད་པོས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཐད་ཀར་རྒྱུས་ལོན་བྱེད་ཆོག་ཅེས་བཤད།
  རིག་གནས་ཡུལ་སྐོར་ཐོན་ལས་ནི་གསར་དར་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་ཤིག་དང་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་དམངས་འཚོའི་ཐོན་ལས་དང་བདེ་སྐྱིད་ཀྱི་ཐོན་ལས་ཤིག་རེད། ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་བསམ་བློར་བཅིངས་འགྲོལ་དང་། ལྟ་བ་གསར་སྒྱུར། མཉམ་འདྲེས་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བ། རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་གཏོད་པ། ཁྱད་ལྡན་སྤུས་རྟགས་སྐྱེད་སྲིང་། སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་བ། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིག་གནས་ཡུལ་སྐོར་གྱི་ལྗོངས་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ཚེ་ས་མཐོའི་ཡུལ་སྐོར་དང་རིག་གནས་ཀྱི་མཛེས་པར་དེ་བས་བཀྲག་མདངས་འཚེར་བའི་འོད་སྣང་སྣོན་ཐུབ་ངེས་རེད།