ཟླ11པའི་ཚེས1ཉིན། གསར་འགོད་པས་བོད་ལྗོངས་ཡོངས་ཀྱི་སྤྱི་དམངས་ཀྱི་འཛད་སྤྱོད་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར671.06ཟིན་པ་དེ་དུས་མཚུངས་ལས6.2%འཕར་བ་དང་། རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས2.9ཡིས་མཐོ་ཞིང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཟླ9པ་ཁོ་ནར་བོད་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར102.85ཟིན་ནས་ལོ་རྒྱུས་ཀྱི་གྲངས་ཐང་མཐོ་ཤོས་སུ་སླེབས་ཡོད། གཞན་ཡང་། བོད་ལྗོངས་ཡོངས་ཀྱི་དྲ་ཐོག་ཏུ་སིལ་ཚོང་བྱེད་ཚད་དང་དངོས་ཟོག་དྲ་ཐོག་ཏུ་སིལ་ཚོང་བྱེད་ཚད་གཉིས་ཀ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཧྲི་ཁྲེང་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ནི“འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལོ”ཡིན་པ་དང་། བོད་ལྗོངས་ཀྱིས་འབྲེལ་ཡོད་ལས་ཀའི་ཇུས་གཞི་པར་འགྲེམས་བྱས་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི“དོན་ཚན8”སོགས་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཟོས་པ་རེད། ད་ལོ་ནས་བཟུང་བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར4.3བེད་སྤྱོད་བཏང་ནས“བདེ་ལྡན་བོད་ལྗོངས། སྐྱིད་པའི་འཚོ་བ”ཞེས་པའི་བརྗོད་དོན་གཙོ་བོའི་འཛད་སྤྱོད་བྱེད་སྒོ་སྐུལ་འདེད་རྒྱུན་མཐུད་བཏང་སྟེ། འཛད་སྤྱོད་ཀྱི་སྒོར་དུང་ཕྱུར35.52འཕར་བར་བྱས་ཤིང་། དངོས་ཡོད་ཟུང་འབྲེལ་བྱས་ནས་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་ནུས་ལྡན་གྱི་བྱ་ཐབས་བཏོན་ཏེ། འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་བསྐྱར་འཕར་ཡོང་བ་དང་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད།
ད་ལོ་བོད་ལྗོངས་ཀྱིས་གྲངས་བཅད་ཡན་གྱི་ཚོང་དོན་འཁོར་རྒྱུག་ཁེ་ལས་སྐྱེད་སྲིང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ལྗོངས་ཡོངས་སུ་གྲངས་བཅད་ཡན་གྱི་ཚོང་དོན་འཁོར་རྒྱུག་ཁེ་ལས89གསར་འཕར་བྱུང་ཡོད། “མིག་སྔའི་བར་བོད་ལྗོངས་ཡོངས་སུ་མཛོད་འཇུག་གྲངས་བཅད་ཡན་གྱི་ཚོང་དོན་འཁོར་རྒྱུག་ཁེ་ལས800ལྷག་ཙམ་ཡོད”ཅེས་ཧྲི་ཁྲེང་ཧྭ་ཡིས་ངོ་སྤྲོད་བྱས།
བསྡོམས་རྩིས་ལ་གཞིགས་ན། བོད་ལྗོངས་ཡོངས་ཀྱི་གྲངས་བཅད་ཡན་གྱི་ཚན་པའི་འཛད་རྫས་སིལ་ཚོང་དངུལ་འབོར་དུས་མཚུངས་ལས7.0%འཕར་བ་དང་། དེས་བོད་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་སྤྱི་འབོར་བརྒྱ་ཆའི་གྲངས8.1འཕར་བར་བྱས་ཡོད།
ད་ལོ། རིམ་རྩིས་བྱས་ན་བོད་ལྗོངས་ཀྱིས་སྒོར་ཁྲི1600དོན་འཁྱོལ་བྱས་ཤིང་། ན་ནིང་གསར་སྣོན་བྱས་པའི་གྲངས་བཅད་ཡན་གྱི་ཚོང་དོན་འཁོར་རྒྱུག་ཁེ་ལས142དང་། ཁག་གཉིས་པའི“བོད་ལྗོངས་ཀྱི་ཁེ་ལས་རྙིང་པ”12དང་། “བོད་རང་སྐྱོང་ལྗོངས་ཀྱི་འབྱུང་འཕྲོད་བཟའ་བཏུང”35སོགས་གཉེར་སྐྱོང་བྱེད་པོ200ལྷག་ཙམ་ལ་བྱ་དགའ་སྤྲད་པ་རེད།
ཉེ་ཆར། རུའེ་ཤིང་འཚིག་ཇ་དང་། ཆོན་ཅུས་ཏེ། པེ་ཅིང་ཐུང་རེན་ཐང་སོགས་སྤུས་རྟགས་ཚོང་ཁང་དང་པོ་ཁག་ཅིག་གཅིག་རྗེས་གཉིས་མཐུད་ངང་ལྷ་སར་བཙུགས་ཡོད། ད་ལོའི་ལོ་མཇུག་ཏུ་《བོད་རང་སྐྱོང་ལྗོངས་ཀྱིས་ཕུད་འགྲེམ་དཔལ་འབྱོར་གྱི་སྤུས་ཚད་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་འགྲོ་བའི་བྱ་ཐབས་འགའ》བཏོན་ནས་ཕུད་འགྲེམ་དཔལ་འབྱོར་དེ་བོད་ལྗོངས་ཀྱི་གྲོང་ཁྱེར་གྱི་འཛད་སྤྱོད་གསོན་ཤུགས་ཆེ་རུ་དང་འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་འགྱུར་བའི་བརྩོན་ལེན་བྱེད་རྩིས་ཡོད།