འདི་ནི་བྲག་སྨུག་གྲོང་རྡལ་གྱི་ཟུར་ཞིག་ཡིན་པ།
“གནམ་འོག་གི་ཏའོ་པན་དང་པོར”བཅར་འདྲི་བྱས་རྗེས། འཕྲིན་སྤེལ་ཚོགས་ཆུང་མུ་མཐུད་མདུན་ལ་བསྐྱོད་དེ། བོད་ལ་བསྐྱོད་སའི་མཚོ་བོད་གཞུང་ལམ་རྒྱུད་ཀྱི་གྲོང་རྡལ་གཙོ་བོ“བོད་ཀྱི་བྱང་སྒོ་ཆེན་པོར”གྲགས་པའི་བྲག་སྨུག་གྲོང་རྡལ་ཕྱོགས་སུ་ཐོན།
བྲག་སྨུག་གྲོང་རྡལ་དེ་གདང་ལ་རི་བོའི་བྱང་འདབས་སུ་གནས་ཤིང་། དེའི་ཤར་ངོས་སུ་རྡོ་དམར་དང་དམར་རོང་དང་། ལྷོ་ངོས་སུ་རྐང་གཉིས། ནུབ་ངོས་སུ་ཆུ་དམར། བྱང་ངོས་སུ་མཚོ་སྔོན་གྱི་ཐོག་ཐོན་གཙང་པོ་དང་འབྲེལ་ཡོད། 2002ལོའི་གོང་བྲག་སྨུག་གྲོལ་རྡལ་ལ་རྡོ་དམར་ཆུས་ཞེས་འབོད་པ་དང་། 2002ལོའི་རྗེས་ནས་བྲག་སྨུག་གྲོང་རྡལ་ལ་དངོས་སུ་མིང་བསྒྱུར།
དེ་དུས་འཕྲིན་གཏོང་ཤར་གཏོང་ཐུབ་མེད་པའི“རྡོ་དམར་གྱི་སྦྲ་ནག”ནས་ད་ཆ་འཛུགས་སྐྲུན་ཚ་ཚ་འུར་འུར་བྱེད་བཞིན་པའི“ཁྱད་ལྡན་གྲོང་རྡལ་ཆུང་ངུར”གྱུར་ནས། མཚོ་བོད་གཞུང་ལམ་ལ་བརྟེན་ཏེ་བྲག་སྨུག་དེ“བོད་ཀྱི་བྱང་སྒོ་ཆེན་པོའི”གྲོང་རྡལ་གཙོ་བོར་གྱུར་ནས། འོད་སྟོང་འཕྲོ་བའི་འབྱུང་འགྱུར་ལ་ཕྱོགས་བཞིན་ཡོད།
འཕོ་འགྱུར། སྟབས་བདེའི་སྦྲ་གུར་ནས་དྲོ་སོབ་སོབ་ཀྱི་བདེ་སྡོད་ཁང་པའི་བར།
དེའང་2007ལོར་གསར་འགོད་པ་བྲག་སྨུག་གྲོང་རྡལ་དུ་ཐོག་མར་ཡོང་མྱོང་། སྐབས་དེ་དུས་བྲག་སྨུག་གྲོང་རྡལ་ལ་རྒྱལ་ལམ་109ཡི་འགྲམ་དུ་ས་ཕག་གི་ཁང་པ་ཁ་ཤས་ལས་མི་འདུག
ད་ཆ་བྲག་སྨུག་གྲོང་རྡལ་དེ་རོང་སའི་གཤོངས་སར་ཆགས་པའི་གྲོང་རྡལ་དཀྱུས་རིང་ཞིག་ཏུ་བསྐྲུན་ནས་རྒྱལ་ལམ་109གྲོང་རྡལ་ཧྲིལ་པོ་བརྒྱུད་དེ་མཚོ་བོད་ལྕགས་ལམ་དང་གྲོང་རྡལ་ཆུང་ངུ་གཉིས་སྦྲུལ་ཆུའི་ངོགས་གཉིས་སུ་གནས་ཡོད།
འདི་ལོ་ལོ་61ལ་སླེབས་པའི་བྲག་སྨུག་གྲོང་རྡལ་ཏང་ཀྲི་པུའི་ཧྲུའུ་ཅི་ཆོས་འཕེལ་གྱིས་སྔོན་མ་རྡོ་དམར་ཆུས་ཀྱི་གྲམ་ལྷ་རི་བོའི་གཤམ་དུ་སྲོལ་རྒྱུན་གྱི་འབྲོག་པའི་སྦྲ་ནག་འགའ་ལས་མེད། དེའི་ནང་ས་ཁྲི་མ་གཏོགས་ངོ་དྲག་པའི་ཁྱིམ་ཆས་གཅིག་ཀྱང་མེད། ཆར་ཆུ་དཀོན་སྟབས་འབྲོག་པས་ཆུ་ལེན་སྐབས་ཧ་ཅང་སྟབས་བདེ་པོ་མེད་ལ། ཐ་ན་དགུན་ཁར་རི་ཁྲོད་དུ་འཁྱགས་ཆུ་འཚོལ་བར་འགྲོ་དགོས་ཀྱི་ཡོད།
དེ་དུས་མཚོ་བོད་གཞུང་ལམ་ནི་བྱེ་སའི་ལམ་ཡིན་པ་དང་། ཉིན་འགར་རླངས་འཁོར་རེ་གཉིས་ལས་མཐོང་རྒྱུ་མེད། 1985ལོ་ཡི་རྗེས། བྱེ་སའི་ལམ་དེ་སྣུམ་ནག་ཏུ་བསྒྱུར་ནས་འགྲོ་ལམ་བདེ་རུ་ཕྱིན་པ་དང་། དེ་ནས་འགྲིམ་འགྲུལ་རིམ་པས་སྟབས་བདེ་རུ་ཕྱིན་ཏེ་རྡོ་དམར་ཆུས་སུ་ཕྱི་ནས་འོང་མཁན་ཇེ་མང་དུ་གྱུར།
“ཐོག་མར་རྒྱག་མཁན་སུ་ཡིན་མི་ཤེས་ཀྱང་། 1990ལོར་ཆུས་སུ་ས་ཕག་ཁང་པ་དང་ཤིང་ཁང་ཐོག་མར་བརྒྱབ་པ་མཐོང་རྒྱུ་ཡོད་ཡོད”ཅེས་ཆོས་འཕེལ་གྱིས་བཤད། ཁང་པ་ཐེངས་དང་པོ་རྒྱག་མཁན་བྱུང་བའི་ཁར་གཞུང་ལམ་གྱི་དྲིན་གྱིས་ཤིང་ཆ་དབོར་བདེ་རུ་ཕྱིན་ནས་ལོ་གཉིས་ཀྱང་མ་འགོར་བར་རྡོ་དམར་ཆུས་སུ་སྦྲ་གུར་གཏན་ནས་མཐོང་རྒྱུ་མེད་པར་གྱུར།
དར་རྒྱས། ཆ་འཕྲིན་གསང་པོ་མེད་པ་ནས་དངོས་ཟོག་བརྗེ་ཚོང་སྟབས་བདེ་རུ་ཕྱིན་པའི་བར།
ས་ཕག་གི་ཁང་པ་ཡོད་པས། གྲོང་རྡལ་དུ་འགྲུལ་ཁང་དང་ཚོང་ཁང་སྣ་ཚོགས་ཇེ་མང་དུ་གྱུར་ཞིང་། 1991ལོར་བྲག་སྨུག་གྲོལ་རྡལ་དུ་ཟ་ཁང་ཐོག་མ་དེ་བྱུང་བ་དང་། དེའི་རྗེས་ནས་མཁོ་ཆས་ཚོང་ཁང་དང་། ཟ་ཁང་། བརྒྱ་ཟོག་ཚོང་ཁང་། རླངས་འཁོར་ཉམས་བཟོ་ཁང་། ཤིང་འབྲས་ཚོང་ཁང་སོགས་ཆར་རྗེས་ཀྱི་སྤང་ལ་ཤ་མོ་བརྡོལ་བ་བཞིན་ཇེ་མང་ནས་ཇེ་མང་དུ་ཕྱིན་ཡོད།
1996ལོར་རྡོ་དམར་ཆུས་སུ་ཚོང་ཁང་འཛུགས་མཁན་ཐེམ་དུད་བཅུ་གྲངས་ཁ་ཤས་ཟིན་ལ། དེ་གར་ངལ་གསོས་ནས་སྡོད་མཁན་ཡུལ་སྐོར་བའང་ཇེ་མང་དུ་གྱུར། 1998ལོར་རྡོ་དམར་ཆུས་སུ་རླུང་འཕྲིན་དང་བརྙན་འཕྲིན་ཤར་གཏོང་ཐུབ་ཅིང་། ཞིང་འབྲོག་མང་ཚོགས་ཀྱིས་བརྙན་འཕྲིན་ནས་ཕྱི་རོལ་གྱི་འཇིག་རྟེན་ལ་རྒྱུས་ལོན་བྱེད་ཀྱི་ཡོད།
2002ལོའི་ཟླ་4ཚེས་16ཉིན། རྡོ་དམར་ཆུས་དེ་བྲག་སྨུག་གྲོང་རྡལ་ལ་དངོས་སུ་མིང་བསྒྱུར།
བྲག་སྨུག་གྲོང་རྡལ་སྲིད་གཞུང་གི་སྒོ་རྩར་མི་སེར་གྱི་ཕྱོགས་བསྡུས་སྒོ་རྩིས་ཚོང་ཁང་ཞིག་ཡོད། བྲག་སྨུག་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན། སྒོ་རྩིས་ཚོང་ཁང་དེ་བཙུགས་ནས་ལོ་21སོང་ཡོད་པ་རེད།
དེ་དུས་ཚོང་ཁང་དེ་ནི་ས་ཁྱོན་སྨི་ངོས་གྲུ་130ཙམ་ལས་མེད་པའི་སྒོ་རྩིས་ཚོང་ཁང་ཆུང་ཆུང་ཞིག་ཡིན། འོན་ཀྱང་། ཐབ་ཆུང་ཡང་མེ་ཚ་ཟེར་བའི་དཔེ་བཞིན། ཚོང་ཁང་དེས་ཐོག་མར་ཉིན་རེའི་བརྒྱ་ཟོག་ཚོང་བཞིན་ཡོད་པ་ནས་ད་ཆ་ཤིང་འབྲས་དང་སྔོ་ཚལ་ཟས་རིགས་བར་གང་དགོས་འཛོམས་ཡོད། 2005ལོར་སྒོ་རྩིས་ཚོང་ཁང་གི་སྦྱིན་བདག་ཀྲའོ་གོ་ཧུང་ཕ་ཡུལ་ཀན་སུའུ་ཐེན་ཧྲུའེ་ཡི་ཁྱིམ་ནས་བྲལ་ཏེ་གོར་མོ་ནས་ལྷ་སར་བསྐྱོད་པའི་ཟོག་འཁོར་ཞིག་ལ་བསྡད་དེ་བྲག་སྨུག་གྲོང་རྡལ་དུ་ཡོང་བ་རེད།
དེ་དུས་བྲག་སྨུག་གྲོང་རྡལ་བཙུགས་མ་ཐག་ཡིན་ནའང་། གྲོང་རྡལ་དུ་ཚོང་དུད་30ལྷག་ཙམ་ཡོད། དེ་དུས་ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་རླངས་འཁོར་གྱིས་ཁེངས་པའི་གྲོང་རྡལ་ཆུང་ངུ་ལ་ལྟ་བཞིན་ཀྲའོ་གོ་ཧུང་གིས་དེ་གར་སྡོད་རྒྱུའི་ཐག་བཅད་ཅིང་། ལོ་དེར་བྲག་སྨུག་གྲོང་རྡལ་སྲིད་གཞུང་གི་སྒོ་རྩར་བརྒྱ་ཟོག་ཚོང་ཁང་ཞིག་བཙུགས་པ་དང་ཚོང་ཡང་རྒྱུག་པོ་བྱུང་ཡོད།
རེ་བ། གུ་དོག་པའི་ས་ཆ་ནས་ཁྱད་ལྡན་གྲོང་རྡལ་དུ་གྱུར་པའི་བར།
“དེ་དུས་གྲོང་རྡལ་དུ་གློག་ཤར་གཏོང་ཐུབ་མེད་པས། རྒྱུན་དུ་སྣུམ་བཞུ་དང་ཉི་ནུས་ཤེལ་ལེབ་ལ་བརྟེན་དགོས་བྱུང་བ་དང་། ལྕི་བར་བརྟེན་ནས་དྲོད་ལེན་དགོས་ཀྱི་ཡོད”ཅེས་དྲོད་ལེན་སྒྲིག་ཆས་སྐོར་གླེང་སྐབས། ཀྲའོ་གོ་ཧུང་གིས་ངོ་གདོང་ལས་དགའ་བའི་རྣམ་འགྱུར་སྟོན་བཞིན་དུ་བཤད།
ཐོག་མར་འབྱོར་མ་ཐག་པའི་དགུན་ཁ་དེར། ཀྲའོ་གོ་ཧུང་ཉམས་མྱོང་དེ་ཙམ་མེད་སྟབས་ལྕི་བ་གྲ་སྒྲིག་འདང་ངེས་བྱས་མེད། འོན་ཀྱང་། སྒོ་རྩིས་ཚོང་ཁང་ལ་རྒྱུན་དུ་འོང་མཁན་ས་གནས་ཀྱི་མང་ཚོགས་ཀྱིས་ཁོང་གི་ཁྱིམ་གྱི་ལྕི་བ་རྫོགས་པ་མཐོང་འཕྲལ་རང་འགུལ་ངང་ལྕི་བ་རྩྭ་རས་དོ་བསྐྱལ་བ་རེད། དེ་རྗེས། མང་ཚོགས་མི་ཉུང་བ་ཞིག་གིས་ཁོང་གི་ཚོང་ལ་ལྟ་རྟོག་བྱེད་པ་དང་སྦྲགས། ལྕི་བ་དང་། རྡོ་སོལ། བཙོས་མ་ཐག་པའི་ཚགས་ཤ་དང་ལུག་ཤ་ཁྱེར་ཡོང་ནས་ཀྲོའོ་གོ་ཧུང་ལ་བསྐྱལ་བས། ཁོང་ལ་སེམས་འགུལ་ཆེན་པོ་ཐེབས་ཏེ། གཉེན་ཉེ་དང་གྲོགས་པོ་ཚོས་ཁོང་དེ་བས་ལེགས་པའི་ཨ་མདོ་རྫོང་དུ་འཚོ་བ་སྐྱེལ་དགོས་པའི་ཁ་ཏ་བསླབ་བྱ་བྱས་རུང་། ཆ་རྐྱེན་ཇི་ཙམ་ཞན་རུང་ཁོང་མུ་མཐུད་དེ་གར་སྡོད་པའི་བསམ་བློར་གཡོ་འགུལ་བྱུང་མེད།
ཀྲའོ་གོ་ཧུང་གིས། “དོན་དངོས་ལས་ངའི་གདམ་ག་ནོར་མེད་པའི་ར་འཕྲོད་བྱུང”ཞེས་བརྗོད་ཅིང་། ཁོང་གིས་བཤད་པ་ལྟར་ན། 2015ལོའི་ཟླ་5ཚེས་8ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་སྲིད་ཇུས་ཁྱབ་བསྒྲགས་བྱས་པའི་ནང་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་བྲག་སྨུག་གྲོང་རྡལ་ཡང་ཚུད་ཡོད་པ་རེད། 2016ལོའི་6ཚེས་1ཉིན། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་འཆར་འགོད་མ་དངུལ་སྒོར་དུང་ཕྱུར་7.39བཏང་ནས་རང་བྱུང་དང་། མི་ཆོས་རིག་གནས། མཛེས་ལྗོངས་ལ་ལྟ་བ། སྤྲོ་གསེང་ངལ་གསོ། ཚོང་ལས། ཐོན་ལས་བཅས་གཞི་གཅིག་ཅན་གྱི་བྲག་སྨུག་ཁྱད་ལྡན་གྲོང་རྡལ་ཆུང་ངུ་བཏོད།
ད་ཆ། བྲག་སྨུག་གྲོང་རྡལ་གྱི་སྤྱི་ཚོགས་དཔལ་འབྱོར་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་ནས་འགྲིམ་འགྲུལ་ཉིན་བཞིན་སྟབས་བདེ་རུ་ཕྱིན་པ་མ་ཟད། ཚོང་ཡང་ཉི་མ་ཤར་ཤར་བྱུང་ཡོད། ཀྲའོ་གོ་ཧུང་གིས་དེ་སྔོན་ལོ་གཅིག་ལ་ཚོང་ཟོག་ཐེངས་གཉིས་ལས་འཐེན་གྱི་མེད་རུང་། ད་ཆ་ཟླ་བ་གཅིག་ལ་ཚོང་ཟོག་ཐེངས་ཁ་ཤས་འཐེན་དགོས་ཀྱི་ཡོད། དེ་བས་མི་རྣམས་དགའ་འོས་པ་ཞིག་ལ། 2022ལོའི་ལོ་འགོར། བྲག་སྨུག་གྲོང་རྡལ་དུ་གློག་དྲ་ཆེན་པོ་ཁྲིད་པ་དེས་བྲག་སྨུག་གྲོང་རྡལ་ལ་གློག་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
“ད་ཆ། ལྕི་བ་དང་རྡོ་སོལ་མེད་ཀྱང་། དྲོད་ག་དུས་ལེན་ལེན་ཡིན་པས། བྲག་སྨུག་གི་གྲང་ངར་ལ་སེམས་ཁྲལ་བྱེད་དགོས་མེད”ཅེས་ཀྲའོ་གོ་ཧུང་གིས་འཛུམ་དམུལ་དམུལ་ངང་བཤད། ད་ཆ། བྲག་སྨུག་གྲོང་རྡལ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ཁོད་ཡངས་པའི་གཞུང་ལམ་འགྲམ་དུ་ཨར་འདམ་ཁང་པ་ཉིས་ཐོག་སྟར་པ་མང་པོ་ཀྲོང་ངེར་འགྱིང་པ་དང་། ཟ་ཁང་དང་། ཙག་ཙིག་ཚོང་ཁང་། སྒོ་རྩིས་ཚོང་ཁང་། མཉམ་ལས་ཁང་། མགྲོན་ཁང་། རླངས་འཁོར་ཉམས་བཟོ་ཁང་སོགས་གང་དགོས་འཛོམས་ཡོད།
མཐོ་ཞིང་གྲལ་འགྲིག་པའི་གློག་ཤིང་གིས་འུར་སྒྲ་ཆེ་བའི་ཁྲའེ་ཡིའུ་སྣུམ་གྱི་གློག་གཏོང་འཕྲུལ་འཁོར་གྱི་ཚབ་བྱས་ནས། གནས་དེའི་མང་ཚོགས་ལ་འོད་སྣང་དང་ལྷིང་འཇགས་ཀྱི་མཚན་མོའི་ཁོར་ཡུག་ཅིག་སྦྱིན་པས། སྦྲུལ་ཆུ་ལྷུང་ལྷུང་དུ་འབབ་པའི་ཆུ་སྒྲ་སྙན་མོ་མི་རྣམས་ཀྱི་སྒྲ་འཛིན་བུ་གར་ལྷང་ལྷང་དུ་གྲག་བཞིན་ཡོད།
བྲག་སྨུག་གྲོང་རྡལ་གྱི་འགྱུར་ལྡོག་མཐོང་དུས་མི་རྣམས་ཧ་ལས་ཧང་སངས་དགོས་པ་ཞིག་ཡོད་ཀྱང་། དེ་ནི་རྩོམ་པ་པོ་ཞིག་གིས་གསུངས་པ་ཇི་བཞིན། འཇིག་རྟེན་འདིར་འགྱུར་ལྡོག་མེད་པའི་དངོས་པོ་གཅིག་ཀྱང་མེད། གལ་ཏེ་ཡོད་ཚེ་དེའང་འགྱུར་ལྡོག་ཏུ་བགྲང་ཆོག་པ་ཡིན་ཞེས་བརྗོད་པ་ལྟར་རོ།