ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ས་བབ་མཐོ་བའི་ཞང་འདིར་དྲོད་རླངས་མཁོ་འདོན་བྱེད་རྩིས་འདུག

སྤེལ་དུས 2024-11-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ད་ལོ་བོད་ལྗོངས་སུ་གཅིག་སྡུད་ཐོག་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་དམིགས་བསལ་གཉེར་འཐུས་ཚོད་ལྟའི་ས་ཚིགས7བཙུགས་པ་དང་། མ་དངུལ་སྒོར་དུང་ཕྱུར37.75གཏོང་རྩིས་ཡོད། གསར་སྐྲུན་དང་སྒྱུར་བཀོད་བྱེད་པའི་དྲོད་རླངས་མཁོ་འདོན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི622.41ཟིན་ཞིང་། བསྐྲུན་ཚར་རྗེས་ལས་བྱེད་མང་ཚོགས་ཁྲི20ལྷག་ཙམ་ལ་ཕན་པ་ཐོབ། དེ་དང་ཆབས་ཅིག ད་དུང་སྨི5000ཡན་གྱི་ས་བབ་མཐོ་བའི་ས་ཁུལ་དུ་དྲོད་རླངས་མཁོ་འདོན་ཚོད་ལྟ་བྱ་རྒྱུ་ཡིན།

ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྨམ་པ་ཞང་རྡར་འབྲུག་གྲོང་ཚོར་ལས་དོན་པས་དྲོད་རླངས་མཁོ་འདོན་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་པ།
       རྒྱུས་ལོན་བྱུང་པ་ལྟར་ན། ད་ལོ་བོད་ལྗོངས་ཀྱིས་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་གི་རྣམ་པའི་ཐོག་ནས་སྤྱི་ཚོགས་ཀྱི་མ་རྩ་གྲོང་ཁུལ་གྱི་ནུས་རྒྱུ་གཙང་མ་གཅིག་སྡུད་ཐོག དྲོད་རླངས་མཁོ་འདོན་གྱི་འཛུགས་སྐྲུན་ལ་སྤྱད་དེ་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་དང་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སོགས་ཚོད་ལྟའི་རྫོང(ཆུས)7བདམས་ནས“དྲོད་ལེན་དང་འཚོ་བའི་ཆུ་ཚ་པོ་ཟུང་འབྲེལ”གྱི་མཁོ་འདོན་བྱེད་སྟངས་འཚོལ་ཞིབ་བྱས་པ་དང་། དེས་གྲོང་མིའི་དྲོད་ལེན་དང་འཚོ་བའི་ཆུ་ཚ་པོ་མཁོ་འདོན་གྱི་གནད་དོན་དུས་གཅིག་ཏུ་ཐག་གཅོད་བྱས། མིག་སྔའི་བར་མཚོ་ཆེན་རྫོང་གི་ཚོད་ལྟའི་རྣམ་གྲངས་སྤྱོད་འགོ་ཚུགས་པ་དང་དེ་བྱིངས་ཀྱི་ཚོད་ལྟའི་རྫོང(ཆུས)ལ2025ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་དྲོད་རླངས་མཁོ་འདོན་ཐུབ་རྒྱུ་རེད།

ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྨམ་པ་ཞང་རྡར་འབྲུག་གྲོང་ཚོའི་གྲོང་མིས་དྲོད་རླངས་མཁོ་འདོན་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་པ།
       བོད་ལྗོངས་ཀྱི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི5000ཡན་གྱི་ས་ཁུལ་གྱི་གནམ་གཤིས་ཧ་ཅང་གྲང་ངར་ཆེ་བ་དང་། མཚོ་གཉིས་དང་ཉི་མ་སོགས་ས་བབ་ཧ་ཅང་མཐོ་བའི་རྫོང་གྲོང་གི་དགུན་དུས་ཀྱི་དྲོད་ཚད་དམའ་ཤོས་ཀླད་ཀོར་མན་གྱི་ཧྲེ་ཧྲི་ཏུའུ40ཟིན་གྱི་ཡོད་ཅིང་། ལོ་ཧྲིལ་པོར་གྲང་ངར་ཆེ་བའི་གནམ་གཤིས་ཟླ9ཡན་ཟིན་གྱི་ཡོད། ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི5000ཡན་གྱི་ཞང་གྲོང་གི་ཞིང་འབྲོག་ཁུལ་གྱི་དྲོད་རླངས་མཁོ་འདོན་གྱི་གནད་དོན་ཐག་གཅོད་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་ཞང་སྟེ། ཕུ་མ་བྱང་ཐང་ཞང་ལ་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟ་བྱས་ནས་དྲོད་རླངས་མཁོ་འདོན་བྱེད་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ13914.38ཟིན་པ་དང་། འཆར་གཞི་ལྟར་ན་ལོ་མཇུག་ཏུ་ལས་མཇུག་བསྒྲིལ་རྒྱུ་དང་། དྲོད་རླངས་མཁོ་འདོན་ཁེ་ལས་སྒྲིག་འཛུགས་བྱས་ནས་གྲོང་ཚོ14དང་ཞིང་འབྲོག་པ་དུད་ཚང723ལ་དྲོད་རླངས་མཁོ་འདོན་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དེ་དག་ཉེ་དུས་ལས་མཇུག་བསྒྲིལ་བ་དང་བེད་སྤྱོད་ཀྱང་གཏོང་བཞིན་ཡོད། གཞན་ཡང་གྲོང་ཚོ11དང་ཞིང་དུད830ལ“འོད་ཤུགས་དང་། གློག་གསོག ཚ་འཐེན་བཅས་ཟུང་དུ་འབྲེལ་བའི་ཚ་རླུང་འཕྲུལ་འཁོར”གྱི་བཟོ་རྩལ་ལ་བརྟེན་ནས་དྲོད་རླངས་མཁོ་འདོན་བྱ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་ལོ་མཇུག་ཏུ་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི5000ཡན་གྱི་ཞང་གྲོང1དང་། གྲོང་ཚོ25ཞིང་དུད1553བཅས་ཚང་མར་དྲོད་རླངས་མཁོ་འདོན་ཐུབ་རྒྱུ་རེད།
       བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་སྤྱི་ཁྱབ་བཟོ་བཀོད་པ་ཧྥེང་ཅན་གོ་ཡིས། གོམ་སྟབས་རྗེས་མར་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་རྣམ་གྲངས་ལག་བསྟར་བྱེད་སྟངས་དང་ནོར་སྲིད། ཁྲལ་བསྡུ། གློག་རིན། ས་ཆ། དངུལ་རྩ་སོགས་ཀྱི་སྲིད་ཇུས་མ་ལག་བཙུགས་ནས་བོད་ལྗོངས་ཀྱི་དྲོད་རླངས་མཁོ་འདོན་ཁྱོན་ཡོངས་ལ་ཁྱབ་པའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།