ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དུ་བརྟག་ཞིབ་གནང་བ།

སྤེལ་དུས 2024-11-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཟླ་11ཚེས་12ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དུ་བརྟག་ཞིབ་གནང་ཞིང་། འདི་ནི་བཞུགས་མོལ་གནང་བཞིན་པ།
ཟླ་11ཚེས་12ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་སྔོན་རྩིས་ལས་དོན་ཨུ་ལྷན་དུ་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་མ་ཟད། ལས་དོན་སྤེལ་ཚུལ་སྐོར་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
  ● ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་ཀྱིས་་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
  ཚེས་12ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དུ་བརྟག་ཞིབ་གནང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ། སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། དུས་རབས་གསར་པའི་བོད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
  ཡན་ཅིན་ཧའེ་དང་། ལའེ་ཅའོ། ཀུང་ཧུའེ་ཚའེ་བཅས་ཚོགས་འདུར་ཞུགས་ཡོད།
  ཝང་ཅུན་ཀྲེང་གིས་སྔ་རྗེས་སུ་སྔོན་རྩིས་ལས་དོན་ཨུ་ལྷན་དང་། ཁྲིམས་ལུགས་ལས་དོན་ཨུ་ལྷན། ནོར་དཔལ་ཨུ་ལྷན་བཅས་སུ་ཕེབས་ནས་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་སྤེལ་རེས་དང་ལས་དོན་སྤེལ་ཚུལ་སྐོར་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་45འཁོར་བའི་འགྲེམས་པང་ལ་གཟིགས་ཏེ། སྔོན་རྩིས་ལྟ་སྐུལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ལྟ་སྐུལ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། རིགས་གཅིག་མཁས་ཅན་དང་མཁས་དབང་ཁྲིམས་འཛུགས་ནང་ཞུགས་པའི་ཧུར་སེམས་སྐུལ་སློང་གང་ལེགས་བཅས་བྱས་ནས། ཁྲིམས་འཛུགས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
  དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུར་ཝང་ཅུན་ཀྲེང་གིས་གསུངས་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བོད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འགན་ནུས་གང་ལེགས་འདོན་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་བསྐྲུན་ཆེད་མི་སེམས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཚན་ཁག་གིས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་ཤུགས་སྣོན་རྒྱག་པར་སྣེ་ཁྲིད་དང་། ལས་སྒོ་སྦྱོང་བར་ཤུགས་སྣོན་རྒྱག་པར་སྣེ་ཁྲིད། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པར་སྣེ་ཁྲིད། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ལ་སྣེ་ཁྲིད། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་སྣེ་ཁྲིད། རང་དཔེ་གཞན་སྟོན་དང་རང་གཅུན་ནན་པོར་སྣེ་ཁྲིད་བཅས་བྱས་ཏེ། བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཆེད་་རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་དགོས།
  མི་དམངས་འཐུས་ཚོགས་ལས་དོན་གྱི་ཁྲིམས་གཏན་འཁེལ་བའི་འགན་འཁྲིའི་ངེས་གནས་ཁོང་དུ་བརྟན་པོར་ཆུད་པ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་ཤུགས་ཆེན་བསྟར་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རྩ་ཁྲིམས་ཀྱི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ། རྩ་ཁྲིམས་དེ་ཉིད་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་རྩ་བའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་དང་ཆེས་མཐོའི་བཅའ་ཁྲིམས་ཀྱི་ཚད་གཞིར་བརྩི་བ་དང་། ཁྲིམས་ལྟར་ཐོ་འགོད་ཞིབ་བཤེར་ལས་དོན་སྤེལ་བ། རྩ་ཁྲིམས་དམ་འཇོག་ལམ་ལུགས་ལག་བསྟར་ནན་པོ་བཅས་བྱས་ཏེ་རྩ་ཁྲིམས་སློབ་སྦྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་གཙོ་གནད་དུ་འཛིན་པ་བཅས་བྱས་ཏེ། ཁྲིམས་འཛུགས་ཀྱི་དོན་ཚན་ཚང་མ་དང་གཏན་འབེབས་དང་གྲོས་ཆོད་ཚང་མ་ལས་མི་དམངས་ཀྱི་ཁེ་ཕན་མཚོན་པ་དང་སྲུང་སྐྱོང་དང་། མི་དམངས་ཀྱི་འདོད་བློ་མཚོན་པ། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ས་གནས་ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། ཁྲིམས་འཛུགས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། ཁྲིམས་འཛུགས་ཀྱི་གཙོ་གནད་མངོན་གསལ་དོད་པ། ཁྲིམས་འཛུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། བོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་དང་། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་ཤེས་དཔལ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་པ་བཅས་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་གི་འཕེལ་རིམ་དང་འཚམ་པ་དང་། “དོན་ཆེན་བཞི”དང“འཛུགས་གཏོད་བཞི”དང་འཚམ་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་མཐུན་པ་བཅས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་གཅིག་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་དགོས། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ་དང་། ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་མཐའ་འཁྱོངས་བྱེད་པ། ལྟ་སྐུལ་གྱི་གཙོ་གནད་མངོན་གསལ་དོད་པ། ལྟ་སྐུལ་གནད་སྨིན་ལག་བསྟར་བཅས་བྱས་ཏེ། ལྟེ་བའི་ལས་དོན་གང་དུ་སྐུལ་འདེད་བཏང་ན་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དེ་གར་རྗེས་སྙེགས་ཐུབ་པར་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་གཏན་འབེབས་དང་འདེམས་བསྐོ་བསྐོ་འཐེན་ལས་དོན་གྱི་ཚད་ལྡན་ཅན་དང་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཁྲིམས་ལྟར་ཐག་གཅོད་དབང་ཆ་སྤྱོད་པ་མཐའ་འཁྱོངས། གཙོ་གནད་ལ་དམ་འཛིན་དང་དོན་ཆེན་གྲོས་ཞིབ་བྱེད་མཁས་པོ་བཅས་བྱས་ཏེ་སྤྱི་ཡོངས་རང་བཞིན་དང་། རྩ་བའི་རང་བཞིན། ཕུགས་ཀྱི་རང་བཞིན་བཅས་ཀྱི་བྱ་བ་གལ་ཆེན་དུས་ཐོག་ཏུ་གྲོས་ཞིབ་དང་གྲོས་བསྡུར་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྦྲེལ་ཟམ་གྱི་ནུས་པ་འདོན་པ་དང་། དུས་བབ་གསར་པའི་འོག་གི་འཐུས་མིའི་ལས་དོན་ཡག་པོ་སྒྲུབ་པའི་ཐབས་ལམ་ནུས་ལྡན་རང་འགུལ་ངང་ཞིབ་འཇུག མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལས་ཀའི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག བྱ་སྤྱོད་དངོས་ཀྱི་ཐོག་ནས“མི་དམངས་ཀྱིས་ང་འཐུས་མིར་བདམས། ངས་མི་དམངས་ཀྱི་ཚབ་བྱེད”ཅེས་པའི་བརྗིད་ཉམས་ལྡན་པའི་དམ་བཅའ་ལག་བསྟར་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་རྒྱ་ཁྱབ་བྱེད་དགོས།
  ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ཏེ་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་དང་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། ཆབ་སྲིད་འཛུགས་སྐྱོང་ཐོག་མཐའ་བར་གསུམ་དུ་གནས་བབ་གལ་ཆེན་དུ་འཇོག་པ་བཅས་བྱས་ཏེ་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས། ཐབས་ཇུས་བཀོད་སྒྲིག་བཅས་བོད་དུ་ཕྱོགས་ཡོངས་ནས་ལག་བསྟར་དང་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་བྱེད་ལ་གཞིགས་ནས་གདེང་འཇོག་བྱ་རྒྱུ་མཐའ་འཁྱོངས། ཤེས་ལྡན་ལས་བྱེད་པ་གསོ་སྐྱོང་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ལས་བྱེད་པར་སྦྱོང་བརྡར་སྤྲོད་པ། ལས་ཀའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་གཏོད་པ་བཅས་བྱས་ཏེ། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་དེ་བས་ལེགས་པའི་སྒོ་ནས་ཇུས་འདོན་ཞབས་ཞུ་བྱེད་དགོས། གསར་གཏོད་ཀྱི་ལམ་ལུགས་ལམ་སྲོལ་སྒྱུར་བཅོས་བྱེད་པ་དང་། གོམས་སྟོབས་བསམ་གཞིག་དང་ཐབས་ལམ་ཁོ་ནར་བརྟེན་པའི་རྣམ་པ་ལས་སྒྲོལ་བ། ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱོད་མཁས་པོ་བཅས་བྱས་ནས། དུས་རབས་གསར་པར་མི་དམངས་འཐུས་ཚོགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་བསམ་ཕྱོགས་གསར་པ་དང་། བྱ་ཐབས་གསར་པ། ཐབས་ལམ་གསར་པ་བཅས་འཚོལ་ཞིབ་དང་ཞིབ་འཇུག་ཧུར་ཐག་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་མུ་མཐུད་སྐུལ་འདེད་གཏོང་དགོས། བོད་ཀྱི་གཏམ་རྒྱུད་རང་འགུལ་ངང་ཡག་པོ་ཤོད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན། བོད་དུ་ལག་ལེན་བསྟར་བའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གཡུར་ཟའི་གྲུབ་འབྲས། བོད་ཀྱི་དམངས་གཙོའི་གཏམ་རྒྱུད་དང་ཁྲིམས་སྐྱོང་གི་གཏམ་རྒྱུད་བཅས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས།
  ཡན་ཅིན་ཧའེ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གསུངས་དོན། བློ་ཁ་ཏང་ལ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ཏེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་ཞིབ་ཕྲའི་བྱ་སྤྱོད་ཐོག་དོན་འཁྱོལ་དང་ལས་ཀའི་ཕན་འབྲས་ནས་མངོན་པར་བྱེད་དགོས་པ་དང་། སེམས་ནུས་ཡོད་རྒུས་འགན་འཁྲི་སྒྲུབ་པ་དང་། ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཆང་བ། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་ཁག་གི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། བློ་གཅིག་སེམས་གཅིག་གིས་དམངས་ཆེད་བྱ་བ་སྒྲུབ་པ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུར་དམིགས་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས། བློ་གཅིག་སེམས་གཅིག་དང་རང་རྟོགས་ངང་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་ཡག་པོ་བྱས་ཏེ་སེམས་མཐུན་དང་། བློ་ཁ་མཐུན་པ། ངར་ཤུགས། ལས་སྒྲུབ་བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། སྤྱོད་གཙང་རང་འདོམས་དང་། རང་གཅུན་ནན་པོ་མཐའ་འཁྱོངས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་གནས་པར་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་བས་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།
  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།