ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁང་དམར་རྫོང་ཉིང་རུ་སྨད་ཞང་གི་ཉིན་མོའི་ལྟ་སྐྱོང་ཁང་།

སྤེལ་དུས 2024-11-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

ཉིན་མོའི་ལྟ་སྐྱོང་ཁང་དུ་ངལ་གསོ་རྒྱག་བཞིན་པའི་རྒན་རྒོན་ཚོ།
       ཞོགས་པ་སྔ་མོ་ནས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཉིང་རུ་སྨད་ཞང་རྣ་སྟོད་གྲོང་ཚོའི་ལོ71ལ་སླེབས་པའི་བགྲེས་སོང་ཕན་རྡོས་ལོ2ལ་སླེབས་པའི་ཚ་བོ་ཁྲིད་ནས་ཕྱིར་ཐོན་ཞིང་། ལམ་བར་དུ་རྒན་རྒོན་མང་པོ་ཞིག་གིས་ཀྱང་ཕྲུ་གུ་འཁྲིད་དེ་མ་གྲོས་གཅིག་མཐུན་ངང་ཕྱོགས་གཅིག་ལ་བསྐྱོད་བཞིན་ཡོད།
       “དེ་རིང་གཟའ་པ་སངས་ཡིན་པས་གྲོང་ཚོའི་ཉིན་མོའི་ལྟ་སྐྱོང་ཁང་གི་གཅིག་སྡུད་སྒོ་དབྱེའི་ཉིན་མོ་རེད”ཅེས་ཕན་རྡོས་གད་མོ་དགོད་བཞིན་གསར་འགོད་པར་འགྲེལ་བཤད་བརྒྱབ།
       གསར་འགོད་པ་རྣ་སྟོད་གྲོང་ཚོའི་ཉིན་མོའི་ལྟ་སྐྱོང་ཁང་དུ་སླེབས་སྐབས། དེ་གར་དྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད་ལ། གང་སར་དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད། གྲོང་ཚོའི་ལས་བྱེད་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་གི་རུ་མིའི་དང་བླངས་པ་སོགས་ཀྱིས་ལ་ལས་ཇ་བསྲུབས་མ་བཟོ་བ་དང་། ལ་ལས་ཚལ་འཁྲུ་བ། ལ་ལས་བདེ་ཐང་ལྟ་ཞིབ་ཚད་ལེན་ཡོ་བྱད་ལ་བརྟག་དཔྱད་བྱེད་པ། ལ་ལས་རོལ་རྩེད་ཡོ་བྱད་སྒྲིག་པ་བཅས་བྱེད་ཀྱི་ཡོད།
       “ཉིན་མོའི་ལྟ་སྐྱོང་ཁང་ཉིན་ལྟར་སྒོ་ཕྱེ་གི་ཡོད་ལ། གཅིག་སྡུད་སྒོ་དབྱེའི་ཉིན་མོར་ང་ཚོས་སྐོར་བྲོ་འཁྲབ་པ་དང་། གསར་བརྗེའི་གླུ་གཞས་ལེན་པ། སྐྱེས་སྐར་གཏོང་བ་སོགས་བྱེད་ཀྱི་ཡོད། རྒན་རྒོན་དང་ཕྲུ་གུ་ཚོའི་ངོས་ནས་བརྗོད་ན། གཅིག་སྡུད་སྒོ་དབྱེའི་ཉིན་མོ་དེ་དུས་ཆེན་དགའ་གཏོང་བྱེད་པ་དང་གཅིག་མཚུངས་རེད”ཅེས་ཉིང་རུ་སྨད་ཞང་ཏང་ཨུད་ཀྱི་ཧྲུའུ་ཅི་བུ་དྲུག་གིས་བཤད།
       ཡུད་ཙམ་འགོར་རྗེས། གྲོང་ཚོའི་རྒན་རྒོན་མང་ཆེ་བ་གཅིག་རྗེས་གཉིས་མཐུད་ངང་ཉིན་མོའི་ལྟ་སྐྱོང་ཁང་དུ་འབྱོར་ཞིང་། ཁང་པའི་ནང་རྒན་རྒོན་ལ་ལས་ལུས་སྦྱོང་བྱེད་པ་དང་། ལ་ལས་ཤོ་རྒྱག་པ། ལ་ལས་ཤིང་འབྲས་བཟའ་བཞིན་ཅི་འཕྲོས་མོལ་འཕྲོས་བྱེད་པ། ལ་ལས་གཟུགས་པོར་འཕུར་མཉེད་གཏོང་བ་སོགས་བྱེད་ཀྱི་ཡོད་ལ། གྲོགས་པོ་ཆུང་ཆུང་ཚོའང་དགའ་སྤྲོའི་ངང་རྩེད་འཇོར་རོལ་བཞིན་ཡོད།
       “ད་ལོའི་ཟླ3པའི་ཚེས15ཉིན། རྣ་སྟོད་གྲོང་ཚོའི་ཉིན་མོའི་ལྟ་སྐྱོང་ཁང་དངོས་སུ་སྒོ་ཕྱེ་ནས་གྲོང་ཚོ་ཡོངས་ཀྱི་ལོ60ཡན་གྱི་རྒན་རྒོན30དང་ན་སོ་དར་ལ་མ་བབས་པའི་མི34ལ་རིན་མེད་ངང་ཞབས་འདེགས་ཞུ་གི་ཡོད”ཅེས་བུ་དྲུག་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྣ་སྟོད་གྲོང་ཚོའི་ཉིན་མོའི་ལྟ་སྐྱོང་ཁང་དུ་གཅིག་སྡུད་སྤྲོ་གསེང་རོལ་རྩེད་དང་། བཟའ་བཅའ་མཁོ་འདོན། འཚོ་བའི་ལྟ་སྐྱོང་། འཕྲོད་སྦྱོར་བདེ་ཐང་སླར་གསོ། སེམས་ཁམས་ཁྲིད་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་ནང་། ངལ་གསོ་ཁང་དང་། རིག་གནས་ལུས་རྩལ་བྱེད་སྒོ་ཁང་། སྤྲོ་གསེང་རོལ་རྩེད་ཁང་། སྙིང་གཏམ་ཤོད་ཁང་སོགས་ཡོད་པས། གྲོང་ཚོ་དེ་ཡོངས་ཀྱི་རྒན་རྒོན་དང་བྱིས་པའི“ཁྱིམ་ཚང་གཉིས་པར”གྱུར་ཡོད།  
       ལོ67ལ་སླེབས་པའི་ལྷག་པ་རྡོ་རྗེས་མྱོང་ཚོར་ཟབ་མོའི་ངང“ད་ཆ་ལོ་ན་རྒས་པས་འགུལ་སྐྱོད་བདེ་པོ་མེད་ལ། ཕྲུ་གུ་ཚོའང་ཕྱིར་ལས་ཀར་འགྲོ་དགོས་པས་རྟག་ཏུ་ངར་ལྟ་རྟོག་བྱེད་མི་ཐུབ། གྲོང་ཚོའི་ཉིན་མོའི་ལྟ་སྐྱོང་ཁང་དུ་ན་མཉམ་རྒན་རྒོན་མང་པོ་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བྱེད་ཆོག་ལ། ཉིན་དགུང་ཁ་ལག་ཀྱང་རིན་མེད་ངང་ཟ་རྒྱུ་ཡོད་པས་ང་ཚོའི་ངོས་ནས་བརྗོད་ན་དངོས་གནས་ཡག་པོ་འདུག”ཅེས་བཤད།
       ལོ་ལྟར་ཞིང་དལ་དུས་སུ་གྲོང་ཚོའི་གཞོན་ནུ་དང་དར་མ་མང་ཆེ་བ་ཕྱིར་གླ་པར་བསྐྱོད་ཀྱི་ཡོད་པས། ཁྱིམ་དུ་ལུས་པའི“རྒན་རྒོན་དང་ཕྲུ་གུ”ཚོ་གླ་པར་བསྐྱོད་མཁན་ཚོའི་སེམས་ཁྲལ་ཆེ་ཤོས་སུ་འགྱུར་ཡོད། ད་ཆ་ཉིན་མོའི་ལྟ་སྐྱོང་ཁང་དུ་རྒན་རྒོན་ཚོ་ཧ་ཅང་སྐྱིད་པོ་ཡོད་ལ། བུ་ཕྲུག་ཚོ་ཡང་བློ་བདེའི་ངང་ཕྱིར་གླ་པར་བསྐྱོད་ཆོག་གི་ཡོད།
       “གྲོང་མི་ཚོས་ཉིན་མོའི་ལྟ་སྐྱོང་ཁང་གི་ལས་དོན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ་མ་ཟད། ད་དུང་གྲོང་མི་ཚོས་འབྲས་དང་། གྲོ་ཞིབ། འོ་རྩམ། སྔོ་ཚལ་སོགས་འཚོ་བའི་དངོས་ཟོག་རང་འགུལ་ངང་ཞལ་འདེབས་རྒྱག་གི་ཡོད”ཅེས་བུ་དྲུག་གིས་བཤད་པ་དང་། ཁོང་གིས། ཉིན་མོའི་ལྟ་སྐྱོང་ཁང་སྐྲུན་སྐབས། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་བྱེད་པ་དང་། གྲོང་མི་ཚོས་ཧུར་ཐག་ཞུགས་པ། ངལ་ནུས་འདོན་པ། མཐུན་སྒྲིལ་གཞོགས་འདེགས་བཅས་བྱས་ནས་དུས་ཐུང་གཟའ་འཁོར་ཁ་ཤས་ནང་སྨི་ངོས་གྲུ་བཞི་མ150ཡོད་པའི་ཕྱོགས་བསྡུས་ཁང་དེ་བསྐྲུན་ཡོད་ལ། ཉིན་མོའི་ལྟ་སྐྱོང་ཁང་དེའང་རྣ་སྟོད་གྲོང་ཚོའི་བསམ་བློའི་བཙན་རྫོང་ཞིག་ཏུ་གྱུར་ཡོད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་རྒན་རྒོན་དང་ན་སོ་དར་ལ་མ་བབས་པའི་མིའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་བྱེད་སྒོ་ཧུར་ཐག་སྤེལ་ཏེ་ཁོང་ཚོར་འཚོ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་སློབ་སྦྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཏང་ཡོན་དང་མང་ཚོགས། ལས་བྱེད་པ་དང་མང་ཚོགས་དབར་གྱི་བར་ཐག་དེ་བས་ཉེ་རུ་བཏང་ཡོད་ཅེས་བཤད།
       ཉེ་བའི་ལོ་ཤས་རིང་། ཁང་དམར་རྫོང་གིས་མང་ཚོགས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་བྱེད་པ་དང་མང་ཚོགས་བློ་ཡིད་ཚིམ་པ་དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་འཛུགས་སྐྱོང་ལ་བརྟེན་ཏེ་གྲོང་གསེབ་བཅོས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བའི་བརྒྱུད་རིམ་ཁྲོད། གཞི་རིམ་རྩ་འཛུགས་ཀྱི་ཞབས་ཞུ་ཁྲིད་སྟོན་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་པ་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི“རྒན་རྒོན་དང་བྱིས་པར”ལྟ་རྟོག་བྱེད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་ལ་བརྟེན་པ་བཅས་བྱས་ནས། གཅིག་སྡུད་ཉིན་མོའི་ལྟ་སྐྱོང་དང་བདེ་ཐང་དོ་དམ་གཞི་གཅིག་ཅན་གྱི་ཉིན་མོའི་ལྟ་སྐྱོང་ཁང20བསྐྲུན་པ་དང་། དམངས་ཕན་ཞབས་ཞུའི“གོམ་པ་བརྒྱའི་འཚོ་བའི་ཁུལ”བསྐྲུན་པ། རྫོང་ཡོངས་ཀྱི“རྒན་རྒོན་དང་བྱིས་པའི”ཚོགས་སྤྱི་མི1800ལྷག་ཙམ་ལ་ཁྱབ་པ་བཅས་བྱས་ཏེ་བྱིས་པ་སྐྱོང་མཁན་ཡོད་པ་དང་རྒས་དུས་གསོ་མཁན་ཡོད་པར་བྱས་ཡོད།