འདི་ནི་ལྷ་སའི་ཁྱིམ་ཆས་གློག་ཆས་རྙིང་པ་གསར་བརྗེས་བྱེད་སར་འཛད་སྤྱོད་པས་འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་བྱེད་བཞིན་པ།
ལེ་ཚན་གཏོད་པའི་གཏམ།
དུས་ཚིགས་བཞི་པ་ནི་མཇུག་བསྡུའི་གདོང་མཆོང་དང་རྒྱལ་ཁ་ཕུ་ཐག་ཆོད་པའི་འགག་རྩའི་དུས་སྐབས་ཤིག་རེད། དུས་ཚིགས་བཞི་པའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དེ་དཔལ་འབྱོར་བརྟན་པོ་ཡོང་བ་དང་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། དུས་ཚིགས་བཞི་པའི་དཔལ་འབྱོར་ལས་དོན་དམ་འཛིན་ཡག་པོ་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུའི་ཚོགས་འདུར་གནང་བའི་གསུང་བཤད་ཀྱི་དགོངས་དོན་སྔར་བས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་དཀའ་ངལ་ལ་དམིགས་པ་དང་། ཡིད་ཆེས་བརྟན་གཏོང་། དུས་ཚོད་དམ་འཛིན། རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་གང་ལེགས་མཚོན་པ། ལྗོངས་ཡོངས་ཀྱི་ལས་རིགས་ཁག་གིས་ཇི་ལྟར་བྱས་ནས་བྱ་ཐབས་དངོས་བཏོན་ཏེ། དཔལ་འབྱོར་འཛུགས་སྐྲུན་བྱེད་པ་དང་། “མྱུར་ཚད་མགྱོགས་སུ་གཏོང་བ” “གྲུབ་འབྲས་གསར་པ་གཏོད་པ”བཅས་ཚ་ཚ་འུར་འུར་གྱི་རྣམ་པ་མངོན་པར་བྱ་ཆེད། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང“དུས་ཚིགས་བཞི་པའི་མཐའ་མའི་མཇུག་བསྡུའི་དམག་འཐབ་ཡག་པོ་རྒྱག་དགོས”ཞེས་པའི་ཆེད་བསྒྲིགས་ལེ་ཚན་འདོན་རྒྱུ་ཡིན་པས་དོ་ཁུར་ཡོད་པར་ཞུ།
བོད་ལྗོངས་ཀྱི་འདི་ལོའི་ལོ་མཇུག་བར་རྒྱུན་མཐུད་པའི་འཛད་སྤྱོད་བྱེད་སྒོའི་ནང་དོན་སྣ་མང་དང་ཞུགས་རྒྱ་ཆེ་བ་དེ་གྲོང་མིའི་རྒྱུན་གཏན་འཛད་སྤྱོད་ཀྱི་ཁྱབ་ཁོངས་མང་ཆེ་བར་ཁྱབ་པ་མ་ཟད། རེས་སྐོར་གསར་པའི་རྙིང་པ་གསར་པར་བརྗེ་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་ཐེབས་ནས་ལོ་མཇུག་ཏུ་རང་ལྗོངས་ཀྱི་གཙོ་གནད་འཛད་སྤྱོད་བྱེད་ཤུགས་ཆེ་རུ་སོང་སྟེ་འཛད་སྤྱོད་བྱེད་མང་བའི་རྣམ་པ་མངོན་ཡོད།
ཟླ་8པར། ཚོང་དོན་པུའུ་སོགས་སྡེ་ཚན་བཞིས《ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་བརྗེས་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་རྗེས། བོད་ལྗོངས་ཀྱིས་དེ་མུར་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཧུར་ཐག་དང་འབྲེལ་ཡོད་ལས་དོན་སྔ་སྣུར་དུ་བཀོད་སྒྲིག་བྱས་ཏེ། འཛད་རྫས་རྙིང་པ་གསར་བརྗེས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བར་བརྟེན། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་གང་ལེགས་མངོན་ཡོད།
བོད་ལྗོངས་ཀྱི་ཚོང་དོན་སྡེ་ཚན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཐབ་ཆས་བཅས་བརྗེ་བ་དང་ཚུར་བསྡུའི་ཞབས་ཞུ་བཅས་ཕྱོགས་བཞིའི་ཐད་ནས་སྐུལ་འདེད་བཏང་བ་མ་ཟད། རྒྱབ་སྐྱོར་བྱེད་རྒྱ་སྔར་བས་ཆེ་རུ་གཏོང་བ་དང་། ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་བ། ཁ་གསབ་བྱེད་ཐབས་ལེགས་སུ་གཏོང་བ་བཅས་བྱས་པར་བརྟེན་རྒྱ་ཆེའི་འཛད་སྤྱོད་པར་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་སྟབས་བདེ་བ་བཅས་ཀྱི་སྲིད་ཇུས་ཀྱི་ཕན་པ་ཐོབ་སྟེ་བོད་ཀྱི་འཛད་རྫས་རྙིང་པ་གསར་བརྗེས་ཀྱི་ལས་དོན་ལ་སྐུལ་འདེད་བདེ་བླག་ཐུབ་ཡོད།
རྙིང་པ་གསར་བརྗེས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་བར་བརྟེན་ཚོང་ཟོག་བྲིན་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། བོད་ལྗོངས་ལན་ཙེ་གློག་ཆས་ཚད་ཡོད་ཀུང་སིའི་འགན་འཁུར་བས་གསར་འགོད་པར། བྱེད་སྒོ་སྤེལ་ཚུན། ཚོང་ཟོག་བྲིན་ཚད་དུས་རྒྱུན་ལས་30%ཙམ་འཕར་བ་དང་། འདི་ལོའི་རྒྱལ་སྟོན་རིང་། ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་200ལྷག་ཙམ་ཟིན་པ་དང་ཉིན་ལྟར་ཚོང་ཁང་ནང་ཡོང་མཁན་མི་200ལྷག་ཙམ་ཟིན་པ་དེ་རྙིང་པ་གསར་བརྗེས་ཀྱི་བྱེད་སྒོ་ཁྱབ་གདལ་བཏང་བ་དང་གྲོང་མིས་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་ཕྱིན་པ་ལས་བྱུང་བ་ཞིག་རེད་ཅེས་བརྗོད། “རྙིང་པ་གསར་བརྗེས་ཀྱི་བྱེད་སྒོ་སྤེལ་ཚུན་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ཟླ་9པ་དང10པར། ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་900ཙམ་ཟིན་པ་དང་མི་ཐེངས་2000ཙམ་ལ་བྱེད་སྒོའི་ཁ་གསབ་རག་ཡོད”ཅེས་བོད་ལྗོངས་ལན་ཙེ་གློག་ཆས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་ཡུས་ཞང་གིས་བཤད།
བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཟླ་11ཚེས་12ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར། རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་མང་པོའི་འོག་ལྗོངས་ཡོངས་ཀྱི་ཚོང་ཟོག་འཛད་སྤྱོད་དང་ཞབས་ཞུའི་འཛད་སྤྱོད་དུས་མཚུངས་ལས་0.3%དང་3.5%སོ་སོར་འཕར་ཡོད་ཅེས་བརྗོད་ཡོད།
ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་འཛད་རྫས་རྙིང་པ་གསར་བརྗེས་ཀྱི་སྲིད་ཇུས་སྒྲོག་འགྲེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། སྒྲོག་འགྲེལ་ཚོགས་འདུར། ཁ་གསབ་སྲིད་ཇུས་དང་། བཀོལ་སྤྱོད་བརྒྱུད་རིམ། བྱེད་སྒོའི་ཚད་གཞི་སོགས་འགྲེལ་བཤད་བརྒྱབ་ཅིང་། ཚོང་ཁང་དང་ཁེ་ལས་200ལྷག་ཙམ་ཞུགས་པ་དང་འབྲེལ་ཚོང་དུད་ཀྱི་ཡིད་རྟོན་ཁས་ལེན་ཡི་གེར་མིང་རྟགས་བཀོད་པ་རེད།
ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་འཕྲུལ་སྒུལ་འཁོར་རིགས་དང་། ཁྱིམ་སྤྱོད་གློག་ཆས། ཐབ་ཆས་དང་གསང་སྤྱོད་སྒྲིག་ཆས། གློག་སྒུལ་རྐང་འཁོར་བཅས་རྙིང་པ་གསར་བརྗེས་ཀྱི་བྱེད་སྒོ་ཁག་4ཚུད་ཡོད།
རྙིང་པ་གསར་བརྗེས་བྱས་པ་ཕུད། སྲིད་གཞུང་གི་ཁ་གསབ་འཛད་སྤྱོད་འཛིན་ཤོག་བྱེད་སྒོར་ཡང་རྒྱ་ཆེའི་ཚོང་ཁང་དང་འཛད་སྤྱོད་པའི་གདེང་འཇོག་ཡག་པོ་ཐོབ་ཡོད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཕུན་བཟང་ཁྱིམ་ཆས་ཚོང་ཁང་གི་སྦྱིན་བདག་ཕུན་ཚོགས་བཟང་པོས་སྒྲོག་འགྲེལ་ཚོགས་འདུར་འབྲེལ་ཡོད་འགན་འཁུར་བའི་སྲིད་ཇུས་ངོ་སྤྲོད་དང་། རྙིང་པ་གསར་བརྗེས། འཛད་སྤྱོད་འཛིན་ཤོག་ཁ་གསབ་རེ་ཞུའི་བཀོལ་སྤྱོད་བརྒྱུད་རིམ་བཅས་ཞིབ་ཕྲ་ཉན་པ་རེད། ཁོང་གིས“ཚོང་ཁང་བཙུགས་ནས་ལོ་གཉིས་འགྲོ་གི་འདུག སྔོན་མ་ཡོང་འབབ་སྒོར་ཁྲི་གཅིག་ཙམ་ལས་མེད། སྲིད་གཞུང་སྡེ་ཚན་གྱིས་སྤེལ་བའི་འཛད་སྤྱོད་འཛིན་ཤོག་གི་ཁ་གསབ་བྱེད་སྒོར་ཞུགས་པར་བརྟེན་ཟླ་རེར་ཡོང་འབབ་སྒོར་ཁྲི་4ནས་5བར་ཟིན་ནས་ཚོང་ཁང་གི་ཚོང་ཧ་ཅང་ཡག་པོ་འདུག”ཅེས་བཤད།
ས་གནས་ཁག་དང་གྲོང་ཁྱེར་ཁག་གི་མང་ཚོགས་ཀྱི་དགོས་མཁོ་མི་འདྲ་བ་སྐོང་ཆེད། བོད་ལྗོངས་ཀྱི་ས་གནས་ཁག་དང་གྲོང་ཁྱེར་ཁག་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། འཛད་རྫས་རྙིང་པ་གསར་བརྗེས་ཀྱི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་རྒྱུ་ཡིན།
ལོ་མཇུག་འཆར་ཉེའི་སྐབས་སུ་རང་ལྗོངས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ནས“བྱེད་སྒོ་དང་། གཞི་རྟེན། སྲིད་ཇུས”བཅས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་ཁག་དབྱེ་རིགས་དབྱེའི་ཐོག་ནས་ཆེད་དོན་འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་། ཚོང་ཟོག་འབོར་ཆེན་གྱི་བྲིན་ཚོང་བྱེད་སྒོ་ཁག་དོན་འཁྱོལ་ནན་ཏན་བྱེད་པ། ཚོང་ཟོག་ཆེ་གྲས་རྙིང་པ་གསར་བརྗེས་ནང་འཛད་སྤྱོད་པ་ཞུགས་པར་ཁྲིད་སྟོན་བཅས་བྱས་ཏེ་འཛད་སྤྱོད་པར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་པ་བྱ་རྒྱུ་རེད།