ཟླ10པའི་ཚེས28ཉིན། སྣེའུ་ཁུལ་གསར་སྤྱི་བདེ་ཅུས་ཉེས་དོན་གྱོད་སྒྲུབ་སྟོབས་ཤུགས་ཁོངས་གཏོགས་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཞིག་ནས་དངུལ་སྨར་སྒོར་ཆིག་སྟོང་ལྷག་ཙམ་དང་སྒོར་ཁྲི་གཉིས་ཙམ་རི་བའི་ཐ་མག་བརྐུས་པའི་ཉེན་དོན་སྙན་སེང་འབྱོར། ཉེན་དོན་སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པ་འཕྲལ་མར་ཡུལ་དངོས་སུ་བསྐྱོད་དེ་འབྲེལ་ཡོད་བརྟག་དཔྱད་དང་དཔང་ལེན་བྱས། ཉིན་དེར། མི་དམངས་ཉེན་རྟོག་པས་གྱོད་གཞི་ཐོན་ཡུལ་དང་དེའི་ཉེ་འཁོར་གྱི་དུད་ཚང། ཚོང་དུད་སོགས་ལ་གྲལ་བཤེར་དང་འདྲི་རྩད་བྱེད་སྐབས། ཚོང་ཁང་གི་སྦྱིན་བདག་ཁ་ཤས་ཀྱིས་རང་ཉིད་ཀྱི་ཚོང་ཁང་ནས་ཀྱང་ཅ་དངོས་རྐུས་ལ་ཤོར་པའི་སྐོར་སྙན་སེང་ཞུས།
མི་དམངས་ཉེན་རྟོག་པ་ཡིས་ཡུལ་དངོས་ནས་བརྟག་དཔྱད་བྱས་པ་བརྒྱུད། ཚོང་ཁང་དེ་དག་ནས་བརྐུས་ལ་ཤོར་པའི་ཐ་མག་དང་ཨ་རག་སོགས་ཀྱི་རིན་ཐང་ནི་སྒོར་ཁྲི6ཙམ་ཟིན་ཡོད་པ་དང་། རྐུ་བྱེད་སྟངས་གཅིག་པ་ཡིན་པ་ཤེས་རྟོགས་བྱུང་།
དེ་རྗེས། སྣེའུ་ཁུལ་གསར་སྤྱི་བདེ་ཅུས་ཉེས་དོན་གྱོད་སྒྲུབ་སྟོབས་ཤུགས་ཀྱིས་འཕྲལ་མར་ཆེད་དོན་བཀོད་སྒྲིག་ཚོགས་འདུ་བསྡུས་ཤིང་། ཡུལ་དངོས་བརྟག་དཔྱད་དང་སྒྲིག་རིམ་བཀོད་སྒྲིག གྱོད་མང་མཉམ་སྒྲུབ་བྱེད་པར་ཐག་བཅད། མི་དམངས་ཉེན་རྟོག་པས་ཉིན་མཚན་བསྟུད་མར་འབད་འཐབ་དང་སྤྱི་བདེ་ཐིང་གི་འབྲེལ་ཡོད་སྡེ་ཁག་གིས་རོགས་འདེགས་བྱས་པ་བརྒྱུད། ཟླ11པའི་ཚེས15ཉིན་ལ་ལྷ་ས་གྲོང་ཁྱེར་མཐུན་སྒྲིལ་གྲོང་གསར་གྱི་ཉེ་འགྲམ་ནས་དོགས་ཡོད་ཉེས་ཅན་བསོད་ཆེ་གེ་མོ་དང་བུ་ཆེ་གེ་མོ་བཟུང་།
འདྲི་གཅོད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་བསོད་ཆེ་གེ་མོ་དང་བུ་ཆེ་གེ་མོ་ཡིས་རྐུ་བྱས་པའི་གོ་རིམ་ཆ་ཚང་ངོས་ལེན་བྱས་པ་སྟེ། ད་ལོའི་ཟླ10པའི་ཚེས21ཉིན་ནས་ཟླ11པའི་ཚེས13ཉིན་བར་། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་སྒོ་རྩིས་ཚོང་ཁང་དང་བསྲེགས་ཟས་ཁང་སོགས་སུ། མཚན་མོར་མི་མེད་པའི་གོ་སྐབས་དང་བསྟུན་ནས་ཚོང་ཁང་གི་སྒོ་ལྕགས་གཏོར་པ་དང་།དེ་རུ་ཡོད་པའི་དངུལ་སྨར་དང་། ལག་ཐོགས་ཁ་པར། ཐ་མག་སོགས་རྐུས་བྱས་པའི་གྱོད་དོན7ངོས་ལེན་ཞུས།
མིག་སྔར། ཉེན་རྟོག་པས་རྐུས་ཤོར་པའི་ལག་ཁྱེར་གློག་ཀླད2དང་ལག་ཐོགས་ཁ་པར4 ངོས་ལེབ་གློག་ཀླད1 ཐ་མག་ཁ་ཤས་སོགས་འདེད་ལེན་ཐུབ་ཡོད་ཅིང་། དོགས་ཡོད་ཉེས་ཅན་བསོད་ཆེ་གེ་མོ་དང་བུ་ཆེ་གེ་མོ་གཉིས་ཁྲིམས་ལྟར་ཉེས་དོན་ཉར་བྱས་པ་དང་གྱོད་གཞི་འདིའི་བརྐུས་དངོས་འདེད་ལེན་གྱི་ལས་དོན་སྔར་བཞིན་སྒྲུབ་བཞིན་ཡོད།
ཉེན་རྟོག་པས་དྲན་སྐུལ་གནང་དོན། གཞུང་ལམ་གཡས་གཡོན་དུ་ཡོད་པའི་ཚོང་ཁང་གི་ཚོང་བདག་དང་། ཀུང་སིའི་འགན་འཁུར་བ་ཚོས་འདི་རིགས་ལ་དོགས་ཟོན་ཆེན་པོ་བྱེད་དགོས་ཏེ། ངལ་གསོའི་སྐབས་སུ་དངུལ་སྨར་དང་དངོས་པོ་རྩ་ཆེན་ཚོང་ཁང་དང་ཀུང་སི་རུ་མི་འཇོག་དང་། དེ་དང་ཆབས་ཅིག ཚོང་ཁང་དང་ཀུང་སིའི་ནང་དུ་རྐུན་ཟོན་བརྡ་གཏོང་སྒྲིག་ཆས་དང་ལྟ་འདོམས་སྒྲིག་ཆས་བསྒར་བ་དང་། ཁ་བྲལ་དུས་ལྟ་འདོམས་སྒྲིག་ཆས་ཀྱི་གློག་གཅོད་མི་རུང་སོགས་བྱེད་དགོས། གལ་ཏེ་བརྐུས་ཤོར་པ་ཤེས་ཚེ་དེ་མ་ཐག་ཉེན་བརྡ་གཏོང་དགོས།