ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁྲོན་བོད་བར་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་87བརྒལ་བ།

སྤེལ་དུས 2024-12-02 ཡོང་ཁུངས། རྩོམ་པ་པོ།
        ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭས་གློག་གཏོང་འགོ་ཚུགས་ནས་ལོ་བཅུ་སོང་རིང་། སི་ཁྲོན་གློག་དྲ་དང་བོད་ལྗོངས་གློག་དྲས་ཕྱོགས་གཉིས་ནས་རིམ་རྩིས་བྱས་ན་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་87ཙམ་ཟིན་ཡོད་ཅིང་། དེའི་ནང་སི་ཁྲོན་གྱིས་བོད་ལྗོངས་ལ་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་30.8ཟིན་པ་དང་བོད་ལྗོངས་ཀྱིས་སི་ཁྲོན་ལ་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་56.4ཟིན་ཡོད། ལས་གྲྭ་དེས་བོད་ལྗོངས་ཆབ་མདོ་དང་སི་ཁྲོན་དཀར་མཛེས་ཁུལ་གྱི་ལྷོ་རྒྱུད་ས་ཁུལ་གྱི་གློག་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་ཆབས་ཅིག འབྲི་ཆུའི་ངོགས་གཉིས་ཀྱི་དྭངས་གཙང་ཆུ་གློག་ཁྲེང་ཏུའུ་སོགས་གློག་ཐེག་ཚད་ལྟེ་གནས་སུ་བསྐྱལ་བ་དང་། དྭངས་གཙང་ནུས་རྒྱུ་བསྡུ་ལེན་དང་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཡོང་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།
        ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་ནི“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི”རིང་རྒྱལ་ཁབ་ཀྱིས་བོད་ལྗོངས་ལ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་། སྟོང་ཧྥུ་500ཡི་གློག་འདྲེན་སྐུད་ལམ་བརྒྱུད་སི་ཁྲོན་གློག་དྲ་དང་བོད་ལྗོངས་གློག་དྲ་སྦྲེལ་མཐུད་བྱས་ཡོད་ཅིང་། ལས་གྲྭ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་66.3བཏང་བ་དང་། ལས་གྲྭའི་ཤར་ངོས་ནི་སི་ཁྲོན་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་ཡིན་པ་དང་འབའ་ཐང་རྫོང་བརྒྱུད་དེ་ནུབ་ནས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བར་མཐུད་ཀྱི་སྤྱིའི་རིང་ཚད་སྤྱི་ལེ་1521ཙམ་ཡོད།

        ལོ་10ཡི་གོང་རྒྱལ་ཁབ་གློག་དྲའི་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་40ལྷག་ཙམ་དང་འཛུགས་སྐྲུན་པ་ཁྲི་2ལྷག་ཙམ་གྱིས་དཀའ་ངལ་དུ་མ་ཁྱད་དུ་བསད་པ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ནས་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་བསྐྲུན་ཞིང་། འཛམ་གླིང་གི་ས་བབ་མཐོ་བའི་ས་ཁུལ་དུ་གློག་དྲ་འཛུགས་སྐྲུན་བྱེད་པའི་ཟིན་ཐོ་གསར་པ་བཏོད་ཡོད།
        དཀར་མཛེས་ཁུལ་འབའ་ཐང་རྫོང་བྱ་ཁྱུང་གྲོང་ཚོའི་གྲོང་མི་ཝུན་ཞང་ལིན་གྱིས། ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་འཁོར་སྐྱོད་མ་བྱས་གོང་། ཁྱིམ་དུ་ཝ་25ལས་མེད་པའི་གློག་སྒྲོན་ལས་སྤྱོད་མི་ཐུཔ་པའི་ཁར། ད་དུང་དུས་ངེས་མེད་དུ་གློག་ཆད་ཀྱི་ཡོད། ད་ཆ་གྲོང་ཚོའི་ནང་གི་དུད་ཚང་ཚང་མ་དཀར་ཆ་དོད་དུ་ཕྱིན་པ་དང་ལོ་ལྟར་བེ་ཤ་སོགས་ཞིང་ཞོར་ཐོན་རྫས་ཚང་མ་འཁྱགས་སྒམ་ནང་བཞག་ནས་སོས་ཉར་བྱེད་ཆོག དེ་བཞིན་ཐོན་སྐྱེད་འཚོ་བའི་ཐད་གློག་ཆས་སྤྱོད་རྒྱུ་བྱུང་བས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་གསུངས་པ་རེད།
        ལོ་བཅུའི་རིང་། ཁྲོན་བོད་དྲ་སྦྲེལ་ལས་གྲྭས་སྔ་རྗེས་སུ་རིམ་སྤོར་འཛུགས་སྐྲུན་གལ་ཆེན་ཐེངས་5བྱས་པ་དང་། དྲ་སྒྲོམ་གྱི་གྲུབ་ཆ་ཡང་སྔར་བས་བརྟན་དུ་ཕྱིན་ཡོད།
        སྤྱི་ལོ་2018ལོར་འབའ་ཐང་གི་སྟོང་ཧྥུ་500ཡི་གློག་སྒྱུར་ས་ཚིགས་ཀྱི་གནོན་འཕར་རྒྱས་སྐྲུན་ལས་གྲྭ་ལེགས་གྲུབ་ཟིན་པ་དང་། ཁྲོན་བོད་དྲ་སྦྲེལ་ལས་གྲྭའི་གློག་གནོན་རིམ་པ་དེ་སྟོང་ཧྥུ་220ནས་སྟོང་ཧྥུ་500བར་འཕར་ཞིང་། ཁྲོན་བོད་དྲ་སྦྲེལ་ལས་གྲྭ་དང་བོད་དབུས་རྒྱུད་དྲ་སྦྲེལ་ལས་གྲྭ་ཕན་ཚུན་སྦྲེལ་མཐུད་ཐུབ་པས། དེའི་ཐོག་ནས་བོད་ལྗོངས་ཀྱི་གློག་དྲ་ཆེས་མཐོ་གནོན་གྱི་དུས་རབས་སུ་སླེབས་པར་མཚོན་ཡོད། སྤྱི་ལོ་2022ལོར་སོ་བ་ནང་ཆུ་ཤུགས་གློག་ཁང་གི་སྟོང་ཧྥུ་500ཕྱིར་སྐྱེལ་བའི་ལས་གྲྭ་ལེགས་གྲུབ་ཟིན་ནས་འཁོར་སྐྱོད་བྱས་པ་དང་། བོད་ལྗོངས་ཀྱི་ཁོངས་གཏོགས་སུ་ཡོད་པའི་སྟོང་ཝ་ཁྲི་ཕྲག་རིམ་པའི་གློག་ཁང་ཐོག་མ་དེ་ཐོན་སྐྱེད་བྱེད་འགོ་ཚུགས་ནས་གློག་བཏང་བ་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་དྭངས་གཙང་ནུས་རྒྱུ་ཕྱིར་སྐྱེལ་བའི་ནུས་པ་ཆེས་ཆེར་མཐོ་རུ་ཕྱིན་ཡོད། སྤྱི་ལོ་2023ལོར་འབའ་ཐང་ནས་རྫ་ཆུ་བར་གྱི་སྟོང་ཧྥུ་500ཡི་གློག་ལམ་འཁོར་སྐྱོད་བྱས་པས་ཁྲོན་བོད་དྲ་སྦྲེལ་གྱི་བགྲོད་ལམ་གསུམ་པ་དེ་དངོས་སུ་གྲུབ་ཡོད།
        མིག་སྔར། འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ་བར་གྱི་སྟོང་ཧྥུ་800ཡས་མས་ཀྱི་ཆེས་ཆེ་བའི་མཐོ་གནོན་ཐད་རྒྱུག་གློག་འདྲེན་ལས་གྲྭ་དང་དེའི་ལེ་ལག་ཚང་བའི་ལས་གྲྭ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་མུས་ཡིན་པ་རེད། ཆེས་ཆེ་བའི་མཐོ་གནོན་གློག་དྲ་དེ་དྲ་སྒྲོམ་གཙོ་བོར་བྱེད་པ་དང་ས་ཁོངས་དབར་ཐད་རྒྱུག་མཉམ་འབྲེལ་གྱི་ནུབ་གློག་ཤར་སྐྱེལ་གློག་དྲ་འཛུགས་རྒྱུར་སྔར་བས་སྐུལ་འདེད་བཏང་ཞིང་། ཁྲོན་བོད་ས་གནས་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་ལ་ཞབས་འདེགས་ཞུ་བ་དང་། ཁྱབ་ཁོངས་དེ་བས་ཆེ་བའི་ནང་ནུས་རྒྱུ་གཙང་མ་བཀོད་སྒྲིག་བྱ་རྒྱུར་རོགས་འདེགས་ཐུབ་ཡོད།