ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

སྤེལ་དུས 2024-12-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཟླ་11ཚེས་28ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་པ་མ་ཟད། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བརྟག་ཞིབ་གནང་རིང་འབྲེལ་ཡོད་མི་སྣའི་ས་ནས་བསྡོམས་རྩིས་གྲངས་གཞི་འཚོལ་བསྡུ་དང་དབྱེ་ཞིབ་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
  ཟླ་11ཚེས་28ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་པ་མ་ཟད། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་ཞིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།
  ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
  ཟླ་11ཚེས་28ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་པ་མ་ཟད། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་ཞིང་། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའིཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
  བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀརྨ་ཚེ་བརྟན་དང་། རེན་ཝེ། ཀུང་ཧུའེ་ཚའེ། བསྟན་ཁོ། ལང་ཧྥུའུ་ཁོན། བསྟན་པ། ཀྲང་ལི། ཡུས་ཡུན་ཀུའེ་བཅས་ཚོགས་འདུར་ཞུགས་ཡོད།
  བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཕྱོགས་བསྡུས་བསྡོམས་རྩིས་ཁྲུའུ་དང་། ཚོང་དོན་དང་ཞབས་ཞུའི་ལས་རིགས་བསྡོམས་རྩིས་ཁྲུའུ། རྒྱལ་དམངས་དཔལ་འབྱོར་ཞིབ་རྩིས་ཁྲུའུ་བཅས་སུ་ཝང་ཅུན་ཀྲེང་གིས་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་། བསྡོམས་རྩིས་གྲངས་གཞི་འཚོལ་བསྡུ་དང་དབྱེ་ཞིབ་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
  དེ་རྗེས་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་བསྡོམས་རྩིས་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་རེད། བཞུགས་མོལ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་དང་། འཕེལ་སྒྱུར་ཨུ་ལྷན། དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་། ནོར་སྲིད་ཐིང་། མི་སྤྱི་ཐིང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་། ཞིང་ལས་དང་གྲོང་གསེབ་ཐིང་། ཚོང་དོན་ཐིང་སོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ད་ལོའི་ལས་དོན་ལ་ཕྱིར་མིག་ཕྱོགས་སྡོམ་དང་། འཕྲད་པའི་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཞིབ་ཕྲའི་བྱ་ཐབས་ལ་ཞིབ་འཇུག་བྱས་པ་རེད།
  ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཝང་ཅུན་ཀྲེང་གིས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། གྲུབ་འབྲས་ལ་ཕྱོགས་སྡོམ་བྱེད་པ། ཡིད་ཆེས་བརྟན་དུ་གཏོང་བ་བཅས་བྱས་ཏེ་བོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
  ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གྲུབ་འབྲས་མཐོང་བ་དང་དུས་མཚུངས་ང་ཚོས་དཔལ་འབྱོར་འཁོར་རྒྱུག་ཁྲོད་བོད་དུ་འཕེལ་རྒྱས་དོ་སྙོམས་མེད་ཅིང་གང་ལེགས་མ་བྱུང་བ་དང་། སྤྱི་འབོར་མི་འདང་བ། ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བ་སོགས་ཀྱི་གནད་དོན་ད་དུང་ཡོད་པ་རིག་པ་དྭངས་གསལ་གྱིས་ངོས་འཛིན་ཐུབ་པར་བྱེད་དགོས། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱས་ཏེ། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས། ཞབས་ཞུ་དེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་བྱེད་པའི་འཇུག་སྒོ་ཡང་དག་འཚོལ་བ། སྲིད་ཇུས་དང་། ཐོན་ཁུངས། རྗེས་ཐོན་སོགས་ཀྱི་ལེགས་ཆ་འདོན་པ། ཐབས་མང་མཉམ་སྤྱོད་ཀྱིས་གོ་ཆོད་མ་འཇོག་རྒྱ་ཆེར་གཏོང་བ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་ལེན་གཏིང་ཟབ་བསྟར་བ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་བཅས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། འཕེལ་རྒྱས་ཁྲོད་སྲུང་སྐྱོང་དང་སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། མཚོ་བོད་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱས་ནས། བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་ལ་དམ་འཛིན་བྱེད་དགོས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བ་དང་། སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། རྣམ་གྲངས་གལ་ཆེན་གྱི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་སོང་བ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་འཕེལ་རྒྱས་ཡོང་རེ་བྱེད་པ་དང་། འཕེལ་རྒྱས་དོན་གཉེར་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འདུན་པ་སྔར་བས་ཇེ་ཆེར་ཕྱིན་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པར་སྲ་ཞིང་བརྟན་པའི་རང་རྟོན་གྱི་གདེང་ཚོད་ལྡན་པ་དང་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་ཡོད་ཅིང་། ང་ཚོས་གོ་སྐབས་ལ་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ཏེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དེ་བས་ལེགས་པ་དང་། མྱུར་བ། བཟང་བ་བཅས་ཀྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བོད་ཀྱི་འཕེལ་རྒྱས་དེ་དཔལ་འབྱོར་གྱི་གནད་དོན་ཁོ་ན་མིན་པར་ཆབ་སྲིད་ཀྱི་གནད་དོན་དང་། དཔལ་འབྱོར་གྱི་གནད་དོན། སྤྱི་ཚོགས་ཀྱི་གནད་དོན། དམངས་འཚོའི་གནད་དོན་བཅས་ཀྱི་རྩོད་སྒྲུབ་གཅིག་གྱུར་ཡིན་པར་གོ་བ་གཏིང་ཟབ་བླངས་ནས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་རང་རྟོགས་ངང་བཞག་སྟེ། དོན་དངོས་ནས་འགོ་འཛུགས་པ་དང་བོད་ཀྱི་རང་ངོས་ཀྱི་ལེགས་ཆར་གཞི་འཛུགས་རྒྱུ་མཐའ་འཁྱོངས་དང་། འགལ་ཟླ་གཙོ་བོར་དམ་འཛིན་དང་། འཇུར་མིག་གི་ཚོད་འཛིན་སེལ་བ། སྔོན་ཚུད་བཀོད་སྒྲིག་ལ་སྣང་ཆེན་བཅས་བྱེད་པར་ཤུགས་སྣོན་ཆེན་པོ་རྒྱག་པ། སྲོལ་རྒྱུན་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་དང་གསར་དར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་ཧུར་ཐག་བཅས་བྱས་ཏེ། དཔལ་འབྱོར་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པར་འགན་ལེན་བྱེད་དགོས།
  ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྤྱི་ཡོངས་ལ་གཅིག་འདོམས་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། འདུ་ཤེས་ལ་འགྱུར་ལྡོག་དང་སེམས་ནུས་གཅིག་སྒྲིལ་བཅས་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་མགྱོགས་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་དགོས། གཙོ་གནད་འབུར་ཐོན་དང་ཡིད་ཆེས་བརྟན་གཏོང་གིས་མ་འཇོག་རྒྱ་ཆེར་གཏོང་བའི་ལས་དོན་ལ་དམ་འཛིན་ཧུར་ཐག་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་རྣམ་གྲངས་ལ་དམ་འཛིན་དང་རྣམ་གྲངས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་ནུས་ལྡན་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཐོན་ལས་སྐྱེད་སྲིང་ནུས་ལྡན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏིང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྒྱུར་བཅོས་སྔར་བས་ཟབ་གཏོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་ནུས་ལྡན་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་བ། དམངས་འཚོར་དམ་འཛིན་ནུས་ལྡན་དང་རྒྱུན་ཆད་མེད་པར་མི་སེམས་གཅིག་སྒྲིལ་བྱེད་པ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ། སྒུག་མི་ཐུབ་པའི་འགན་འཁྲི་འཁུར་སེམས་དང་དལ་མི་རུང་བའི་དགོས་གཏུགས་ཀྱི་བསམ་པར་བརྟེན་ནས་དཔལ་འབྱོར་ལ་དམ་འཛིན་དང་འཕེལ་རྒྱས་དོན་དུ་གཉེར་དགོས། འདུ་ཤེས་སྒྱུར་བ་དང་སྒོ་དབྱེར་སྐུལ་འདེད་གཏོང་དགོས་ཤིང་། སྒོ་མོ་ཕྱེ་བའི་ས་ཁུལ་ལ་གསོན་ཤུགས་ཆེ་ཤོས་ལྡན་པ་དང་སྒོ་མོ་ཕྱེ་བའི་དཔལ་འབྱོར་ལ་འགྲན་རྩོད་ཀྱི་ནུས་པ་ཆེ་ཤོས་ལྡན་པས། རིམ་ཁག་ཏང་ཨུད་ཀྱིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་རྒྱུན་མཐུད་གཏོང་བ། སྒོ་དབྱེའི་ཆུ་ཚད་མཐོར་གཏོང་དང་སྒོ་དབྱེའི་གསོན་ཤུགས་འཕེལ་བ་བཅས་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་དཔལ་འབྱོར་ལས་དོན་ལ་ཞིབ་ལྟ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་ལ་སློབ་སྦྱོང་དང་། དཔལ་འབྱོར་ཤེས་པ། དཔལ་འབྱོར་ལ་ཞིབ་འཇུག དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལ་ཁ་ལོ་སྒྱུར་བའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། དངོས་སྒྲུབ་དང་དངོས་ཡོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བྱ་སྤྱོད་ཧུར་ཐག་སྤེལ་ཏེ། རྨང་གཞིའི་ལས་དོན་ཞིབ་ཚགས་དང་གཏིང་ཟབ་སྒྲུབ་པ་དང་། གཙོ་གནད་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པ། གསར་གཏོད་ལས་དོན་གནད་ལ་འཁེལ་པོས་དོན་གཉེར་བྱེད་པ། ཕྱར་བ་གྲུ་འདེགས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།