ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ།

སྤེལ་དུས 2024-12-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཇུས་འགོད་དང་བཀོད་སྒྲིག་རབ་དང་རིམ་པ་བྱས་ཏེ། མཐོ་ས་ནས་སྐུལ་འདེད་གཏོང་བ་དང་བཀོད་སྒྲིག་རབ་དང་རིམ་པ་བྱས་ཡོད། མི་རིང་བའི་གོང་འཚོགས་པའི་རང་སྐྱོང་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག རང་ལྗོངས་ཀྱི་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་ཐད་བླང་བྱ་གསར་པ་བཏོན་པ་རེད།
  བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག རང་ལྗོངས་ཀྱི་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་ལ་མེད་པ་ནས་ཡོད་པའི་བར་དང་གནད་ནས་ཁྱོན་བར་གྱི་འཕེལ་རྒྱས་བྱུང་ཡོད།
  འདི་ལོ་ཚུན་དུ། རང་ལྗོངས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི“གདུང་བཞི་ཀ་བརྒྱད”བརྟན་དུ་གཏོང་བ་དང“སྐྲུན་ཐུབ་པ་དང་། འཕུར་སྐྱོད་ཐུབ་པ། དོ་དམ་བྱེད་ཐུབ་པ”བཅས་ཀྱི་དམིགས་ཚད་བླང་བྱར་གཞིགས་ནས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་ངང་བཀོད་གཏོང་བྱེད་པ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་པས་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ལ་ཕན་འབྲས་རགས་ཙམ་ཐོན་ཡོད།
  མེད་པ་ནས་ཡོད་པའི་བར། ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ཀྱི་འཆར་གཞི་བཏིང་བ།
  འདི་ལོའི་ཟླ་5པར། ཡོམ་འགོག་གེགས་སེལ་གྱི“ནང་སྦྱོང་ཆེན་པོ”ཞིག་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་བྱས་པ་རེད།
  “ས་ཡོམ”གེགས་ཁུལ་གྱི་མཁའ་དབྱིངས་སུ་ཐད་འཕུར་གནམ་གྲུས་ས་གནས་ས་ཐོག་གི་གནོད་འཚེའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་མྱུལ་ཞིབ་བྱེད་པ་དང་། གནམ་གྲུ་ནས་འཕྲལ་དུ་མེ་ཟོན་རུ་མི་འབེབས་པ། ལམ་སེང་ས་ངོས་སུ་མཁའ་ཐོག་ནས་གེགས་སེལ་དངོས་ཟོག་སྐྱེལ་བ་བཅས་བྱེད་པ་མ་ཟད། མེ་ཟོན་མི་སྣར་གཞོགས་འདེགས་བྱས་ཏེ་རྨས་མ་དབོར་གྱི་ཡོད། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་ས་ཡོམ་རིམ་པ་6.9རྒྱག་ཚུལ་གྱི“འཕྲལ་སྡོམ་འགན་འཁྲི། བོད་ལྗོངས་2024”ཡི་ཡོམ་འགོག་གེགས་སེལ་གྱི་དངོས་འཐབ་ནང་སྦྱོང་དེ། སྔོན་དཔག་གི་དམིགས་ཚད་དུ་སླེབས་ནས་རང་ལྗོངས་ཀྱི་མཁའ་འགྲུལ་ལས་རིགས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་ཀྱི་ཆེད་ལས་ཆུ་ཚད་མངོན་པར་བྱས་ཡོད།
  “ད་ཐེངས་ཀྱི་ནང་སྦྱོང་ནང་ང་ཚོའི་ཀུང་སིས་ཐད་འཕུར་གནམ་གྲུ་གཉིས་བཏང་ཡོད། ནང་སྦྱོང་བྱེད་རིང་འཕུར་སྐྱོད་པ་ཚོར་ཉམས་མྱོང་མང་པོ་ཐོབ་ནས་ཀུང་སིའི་འཕྲལ་སྡོམ་རོགས་སྐྱོབ་འགན་ལེན་དང་། འཕུར་སྐྱོད་ལས་སྒྲུབ་ཀྱི་བདེ་འཇགས། ཐོལ་བྱུང་དོན་རྐྱེན་དང་ལེན་བཅས་ཀྱི་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་ལྷ་ས་ཕེང་ཁང་ཀུན་སྤྱོད་གནམ་ཐང་གི་སྤྱི་ཁྱབ་ཅིང་ལི་སྲོང་བཙན་གྱིས་ངོ་སྤྲོད་བྱས་པ་རེད།
  ལྷ་ས་ཕེང་ཁང་ཀུན་སྤྱོད་གནམ་ཐང་ནི་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཀུན་སྤྱོད་མཁའ་འགྲུལ་ཚད་ཡོད་ཀུང་སིའི(གཤམ་དུ“བོད་ལྗོངས་ཀུན་སྤྱོད་མཁའ་འགྲུལ”ཞེས་བསྡུ་རྒྱུ)ཁོངས་སུ་གཏོགས་པ་དང་། ཀུང་སིའི་ལས་སྒོ་མཁའ་འགྲུལ་ཁྱབ་ཁོངས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་ཁྱབ་ཡོད་ཅིང་། དེ་རང་སྐྱོང་ལྗོངས་ཀུན་སྤྱོད་མཁའ་འགྲུལ་དང་སྐྱེལ་འདྲེན་མཁའ་འགྲུལ་གྱི་མ་འཇོག་གཉེར་སྐྱོང་ལས་སྟེགས་གལ་ཆེན་དང་འབྲེལ་ཡོད་ཐོན་ལས་དངོས་ཚན་ཀུང་སིར་གཏན་འཁེལ་བྱས་ཡོད།
  བོད་ལྗོངས་འདི་ཉིད་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། སྐམ་སའི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་མ་གནས་མཐོ་བ། སྐྱེལ་འདྲེན་དུས་ཚོད་རིང་བ་བཅས་ཀྱི་ཁོར་ཡུག་དང་ཆ་རྐྱེན་གྱི་ཁྱད་ཆོས་ལ་གཞིགས་ཏེ། ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་དགོས་གལ་ཆེ་ལ་མདུན་ལམ་ཡང་ཆེན་པོ་ལྡན་ཡོད།
  འཕུར་སྐྱོད་ཐུབ་པའི་འཕེལ་རྒྱས་ལས་དམའ་འཕུར་དཔལ་འབྱོར་གྱི་ཉེར་སྤྱོད་རྣམ་པ་ཉིན་བཞིན་ཕུན་སུམ་ཚོགས་སུ་འགྲོ་བ།
  “གྲ་སྒྲིག་ཚར་སོང་། འཕུར་ཤིག”
  ཟླ་11ཚེས་2ཉིན་གནམ་གྲུ་འཕུར་བའི་སྒྲ་དང་བསྟུན་ནས། ཡུལ་སྐོར་བ་བླུགས་པའི་ཐད་འཕུར་གནམ་གྲུ་ཞིག་ལྷ་ས་གངས་རྒོད་ཀུན་སྤྱོད་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི(གཤམ་དུ“ལྷ་ས་གངས་རྒོད་ཀུན་སྤྱོད་མཁའ་འགྲུལ”ཞེས་བསྡུ་རྒྱུ)གནམ་གྲུ་འཕུར་ས་ནས་འཕུར་ཏེ། མཁའ་དབྱིངས་ནས་ལྷ་ས་གྲོང་ཁུལ་གྱི་མཛེས་ལྗོངས་ལ་མྱོང་རོལ་བྱས་ཡོད།
  “2016ལོར། ང་ཚོའི་ཀུང་སི་དངོས་སུ་བཙུཌ་པས་རང་ལྗོངས་སུ་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་མེད་པའི་གནས་བབ་ལ་འགྱུར་ལྡོག་བྱུང་བ་མ་ཟད། སྨན་བཅོས་སྲོག་སྐྱོབ་དང་། བར་སྣང་སྐོར་ཞིབ། ནགས་ལས་ཀྱི་སོན་གཏོར། འཕྲལ་སྡོམ་རོཌ་སྐྱོབ། བར་སྣང་ལྟ་སྐོར་སོགས་ཁྱབ་ཁོངས་ལ་ཕན་འབྲས་ཆེན་པོ་ཐོན་ཡོད”ཅེས་ལྷ་ས་གངས་རྒོད་ཀུན་སྤྱོད་མཁའ་འགྲུལ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལུའེ་ཅིན་གྱིས་བརྗོད་པ་རེད།
  ལྷ་ས་གངས་རྒོད་ཀུན་སྤྱོད་མཁའ་འགྲུལ་ཀུང་སི་ནི་རྒྱལ་ཡོངས་སུ་ས་བབ་སྨི་3500ཡན་དུ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་འཁོར་སྐྱོད་དང་འཕུར་སྐྱོད་ཀྱི་སྒྲིག་སྲོལ་91དང་། 135 136 145བཅས་ཀྱི་ཐད་འཕུར་གནམ་གྲུ་དང་གཞུང་དོན་གནམ་གྲུ་མཉམ་དུ་གཉེར་སྐྱོང་བྱེད་པའི་འོས་ཐོབ་སྤྲད་པའི་ཁེ་ལས་གཅིག་པུ་དེ་རེད། མིག་སྔའི་བར། ཀུང་སི་དེ་གས་གཞུང་དོན་གནམ་གྲུའི་རྒྱང་སྐྱོད་སྨན་བཅོས་རོགས་སྐྱོབ་དང་ཐད་འཕུར་གནམ་གྲུའི་འཚོལ་སྐྱོབ་ལས་འགན་ཐེངས་40ལྷག་ཙམ་ལེགས་གྲུབ་ཟིན་ཞིང་། བསྡོམས་རྩིས་བྱས་ན་གནམ་གྲུ་འཕུར་སྐྱོད་བྱེད་པའི་ཆུ་ཚོད་6872དང་གནམ་གྲུ་གཏོང་ཐེངས་17121ཟིན་གྱི་ཡོད་པ་རེད།
  “རྣམ་པ་གསར་པར”བརྟེན་ནས་དཀའ་གནད་བསལ་ཏེ“ཀུན་སྤྱོད་མཁའ་འགྲུལ་+”ཀྱི་ལས་རྣམ་གསར་པ་གཏོད་པར་སྐུལ་འདེད་གཏོང་བ།
  བོད་ལྗོངས་ཁྲོང་པོ་ཀུན་སྤྱོད་མཁའ་འགྲུལ་ཚན་རྩལ་ཚད་ཡོད་ཀུང་སི་ནི“སྣེ་གདོང་ཆུས་ཀྱི་མི་མེད་གནམ་གྲུའི་མཁའ་འགྲུལ་ཁེ་ལས་ཀྱི་ཐོན་ལས་རྟེན་གཞིའི”ཚོང་འགུཌ་མ་འདྲེན་གྱི་གཙོ་གནད་ཁེ་ལས་ཡིན་ཞིང་། 2023ལོར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་བཙུགས་པ་ནས་བཟུང་། “དམའ་འཕུར་དཔལ་འབྱོར་འཛུགས་སྐྲུན”གྱི་འཆར་འགོད་ལ་དམིགས་ཏེ། ཁེ་ལས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆ་གང་ལེགས་བཏོན་པ་དང་། ཆེད་ལས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་སྲིད་གཞུང་གི་གཙོ་ཁྲིད་འོག དམའ་དབྱིངས་དཔལ་འབྱོར་བགྲོ་གླེང་ཚོགས་འདུ་ཧུར་ཐག་འཚོགས་པ་དང་། “ལྷོ་ཁའི་མི་མེད་འཕུར་སྐྱོད་འཕྲུལ་ཆས་འགྲེམས་སྟོན”བྱེད་པ། གཞོན་ནུ་ལོ་ཆུང་གི་མཁའ་འགྲུལ་མཁའ་སྐྱོད་ཚན་རྩལ་སྒར་ས་གྲ་སྒྲིག་སོགས་བྱས་པ་མ་ཟད། ལྷོ་རི་བྱང་རི་སྔོ་འགྱུར་དང་འཕྲལ་སྡོམ་ནང་སྦྱོང་སོགས་ཀྱི་རྣམ་གྲངས་ལས་འགན་ནང་ཞུགས་ཏེ། རང་ལྗོངས་ཀྱི་དམའ་དབྱིངས་དཔལ་འབྱོར་འཛུཌ་སྐྲུན་ཆེད་དཔེ་མཚོན་མཁོ་འདོན་བྱས་ཡོད་པ་རེད།
  ཉེ་བའི་ལོ་ཤས་རིང་། མི་མེད་གནམ་གྲུས་གཙོ་བོར་བྱས་པའི་དམའ་འཕུར་དཔལ་འབྱོར་གྱི་གསར་དར་ཁེ་ལས་རང་ལྗོངས་སུ་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་། གནམ་བཤོས་ནགས་འདེབས་དང་ས་མཐོའི་ཚན་ཞིབ་སོགས་ཁྱབ་ཁོངས་ཁྲོད་རྒྱ་ཁྱབ་ངང་སྤྱོད་པ། མཁའ་གྲུ་H125དང་སྨི-17སོགས་དབྱིབས་ཅན་གཙོ་བོར་བྱས་པའི་ཐད་འཕུར་གནམ་གྲུས་མཁའ་ཐོག་ཚད་ལེན་དང་མཁའ་ཐོག་ནགས་སྲུང་སོགས་ཁྱབ་ཁོངས་སུ་རྒྱུན་རྣམ་ཅན་གྱི་ལས་འགན་སྒྲུབ་པ། གཟེངས་བསྟོད་རྟཌ་ཅན་560དང་ཁུག་རྒྱུན་རྟགས་ཅན་G550སོགས་ཀྱི་དབྱིབས་ཅན་གཙོ་བོར་བྱས་པའི་གཏན་འཇགས་གཤོག་ལྡན་གཞུང་དོན་གནམ་གྲུ་དང་མཁའ་འགྲུལ་H125ཐད་འཕུར་གནམ་གྲུས་ཚོང་དོན་ཕྱོགས་ཐོན་དང་ཡུལ་སྐོར་གནམ་གྲུ་གཙང་གླས་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།
  འགོ་ཚུགས་ས་གསར་པར་གོ་སྐབས་གསར་པ་དམ་འཛིན་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ནས། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཧུར་ཐག་སྐོང་བ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། དམའ་འཕུར་དཔལ་འབྱོར་སོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་པ་བཅས་བྱས་ཏེ། རང་ལྗོངས་ཀྱི་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་ཀྱིས་མཁའ་དབྱིངས་སུ་ཕུགས་འདུན་བརྩོན་ལེན་བྱེད་བཞིན་མཁའ་འགྲུལ་ཐོན་ལས་ལ་རྣམ་པ་གསར་པ་མངོན་ཆེད་དང་གསོན་ཤུགས་གསར་པ་རྒྱས་ཆེད་་འབད་བརྩོན་བྱེད་བཞིན་ཡོད།