ནག་ཆུས་འབྲི་གཡག་ཐོན་ལས་དེང་རབས་ཅན་གྱི་ཕྱོགས་སུ་སྐུལ་འདེད་ཤུགས་ཆེན་བཏང་བ།
སྤེལ་དུས 2024-12-11
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཉེ་ཆར། གསར་འགོད་པས་ལྷ་རི་རྫོང་དུ་འཚོགས་པའི་ནག་ཆུ་གྲོང་ཁྱེར་གྱི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོ་ནས་ཤེས་རྟོགས་བྱས་པར། ནག་ཆུའི་འབྲི་གཡག་ཐོན་ལས་སྔོན་ཆད་སྲོལ་རྒྱུན་གྱི་ཁ་ཐོར་ཕྱུགས་འཚོ་གསོ་ཚགས་ཀྱི་རྣམ་པ་གཙོ་བོར་སྤྱད་ཀྱི་ཡོད། སྲིད་ཇུས་ཀྱི་རོགས་སྐྱོར་དང་ཚན་རྩལ་ཡར་ཐོན་བྱུང་བ་དང་བསྟུན་ནས་སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། ཁྱིམ་ཚང་འབྲོག་ར་སོགས་གཉེར་སྐྱོང་བྱེད་སྟངས་རིམ་བཞིན་གཙོ་རྒྱུན་དུ་གྱུར་ནས། འབྲི་གཡག་ཐོན་ལས་དེང་རབས་ཅན་གྱི་ཕྱོགས་སུ་སྐུལ་འདེད་བཏང་སྟེ་ནག་ཆུའི་ས་ཁོངས་ཀྱི་ལེགས་ཆ་ཆེན་པོ་ལྡན་པའི་ཁྱད་ལྡན་ཐོན་ལས་ཤིག་ཏུ་གྱུར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཁྱད་ལྡན་འབྲོག་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་ཁག་གཅིག་ཚད་གཞི་མཐོ་པོས་བཏོད་པ་དང་། རྒྱལ་ཁབ་རིམ་པའི་ཞིང་འབྲོག་ལས་ཐོན་ལས་གླིང1དང་རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས3 གྲོང་ཁྱེར་རིམ་པའི་སྣེ་འདྲེན་ཁེ་ལས22བཅས་བསྐྲུན་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང1643དང་གསོ་ཚགས་དུད་ཆེན4200འཕེལ་རྒྱས་བཏང་བ། ཁྱིམ་ཚང་འབྲོག་ར1729ཐོ་འགོད་བྱས་པ། འབྲི་གཡག་ལག་ཡོད་མགོ་གྲངས་ཁྲི215.94ཟིན་པ་དེས་བོད་ལྗོངས་ཡོངས་ཀྱི་འབྲི་གཡག་ལག་ཡོད་མགོ་གྲངས་བསྡོམས་འབོར་གྱི་ཕྱེད་ཀ་ཡན་བཟུང་ཡོད། འབྲི་གཡག་ཐོན་ལས་དེ་ཉིད་ནག་ཆུའི་ས་ཁོངས་ཀྱི་ལེགས་ཆ་ཆེན་པོ་ལྡན་པའི་ཁྱད་ལྡན་ཐོན་ལས་ཤིག་ཏུ་གྱུར་ཡོད་ལ། གླིང་སྣེའི་ས་ཁུལ་གྱི་ས་མཐོའི་སོན་རྩིའི་ཐོན་ཁུངས་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་བསྐྲུན་པའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་རེད།
བོད་ལྗོངས་ཀྱི་ཉང་གཡག་འབྲི་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི2016ལོར་བཙུགས་པ་དང་དེ་ནི་དེ་སྔའི་ལྷ་རི་རྫོང་གི་རྒྱལ་གཉེར་འབྲོག་ར་རྒྱས་སྐྲུན་བྱས་པ་ཞིག་རེད། ལོ8ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད། ཀུང་སི་དེས“སྣེ་འདྲེན་ཁེ་ལས་དང་། རྟེན་གཞི། མཉམ་ལས་རྩ་འཛུགས། ཞིང་འབྲོག་དུད་ཚང”བཅས་ཟུང་དུ་འབྲེལ་བའི་འབྲི་གཡག་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་ལས་མཉམ་ལས་ཁང49ཡི་སྣེ་འཁྲིད་དེ་དེང་རབས་ཅན་དང་ཚད་ལྡན་ཅན་གྱི་ཐོན་ལས་འཛུགས་སྐྲུན་བྱས་ནས། ཞིང་འབྲོག་པར“གཞན་སྐུལ་ངང་བཤས་གཏོང་ཚད་མང་དུ་གཏོང་བ”ནས“རང་འགུལ་ངང་བཤས་གཏོང་ཚད་མང་དུ་གཏོང་བའི”བར་དང་། ཕྱུགས་རིགས“དུས་ཚིགས་གཅིག་ལ་བཤས་གཏོང་བ”ནས“དུས་བཞིར་བཤས་གཏོང་བའི”བར་གྱི་འགྱུར་ལྡོག་ལ་སྐུལ་འདེད་བཏང་ཡོད།
“ཁྱིམ་ཚང་འབྲོག་ར་བཙུགས་རྗེས། ང་ཚོའི་ཁྱིམ་གྱིས་གསོ་ཚགས་ལག་རྩལ་གསར་པ་དེ་བས་ལེགས་པ་ཤེས་རྟོགས་ཐུབ་པ་མ་ཟད། ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་ཕྱིན་པ་དང་ཁྱད་ལྡན་ཐོན་རྫས་གསར་པའང་གསར་སྤེལ་བྱས་ཡོད། ལྗོངས་ཕྱི་ནང་གི་ས་གནས་ཁག་གི་འཛད་སྤྱོད་པས་སྨི་ཏི་ཁའི་ཁྱད་ལྡན་ཐོན་རྫས་ཀྱི་བྲོ་བ་མྱོང་ཐུབ་པ་མཐོང་སྐབས་ང་ཚོའི་སེམས་ནང་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་ལྷ་རི་རྫོང་སྨི་ཏི་ཁ་ཤང་རྒྱུད་ལུང་གྲོང་ཚོའི་བསོད་ནམས་གཡང་གྲུབ་ཀྱིས་བཤད། ཁྱིམ་ཚང་འབྲོག་ར་མ་བཙུགས་གོང་བསོད་ནམས་གཡང་གྲུབ་ཁྱིམ་ནི་གསོ་ཚགས་དུད་ཚང་དཀྱུས་མ་ཞིག་ཡིན་པ་དང་། ད་ཆ་ཁོང་ཚོའི་ཁྱིམ་ཚང་འབྲོག་རར་ལས་ཀ་བྱེད་མཁན7དང་དོ་དམ་པ1ཡོད་པ་མ་ཟད། ཚང་མར་ཆེད་ལས་ཀྱི་རྩལ་ནུས་དང་དོ་དམ་གསོ་སྦྱོང་བྱེད་མྱོང་ཡོད་པ་རེད། བསོད་ནམས་གཡང་གྲུབ་ཀྱི་ཁྱིམ་ཚང་འབྲོག་རར་རང་ཉིད་ཀྱི་བཟོ་ཁང་ཡོད་ལ་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་མར་དང་། ཞོ། འོ་མ་སོས་པ། ཚགས་ཤ་སྐམ་པོ། ཕྱུར་བ་སོགས་ཐོན་སྐྱེད་བྱེད་ཀྱི་ཡོད། གྲོང་སྡོད་ལས་དོན་རུ་ཁག་གིས་ངོ་སྤྲོད་བྱས་པ་བརྒྱུད། ན་ནིང་ཟླ7པར་ད་དུང་བོད་ལྗོངས་ཀྱི་ཉང་གཡག་འབྲི་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་དང་འོ་མ་ཕྱིར་ཚོང་གི་གན་རྒྱ་བཞག་ཡོད། བསོད་ནམས་གཡང་གྲུབ་ཀྱིས་གསར་འགོད་པར་ད་ལོ་ཚུན་དུ་འབྲི་གཡག་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། ཁྱིམ་ཚང་འབྲོག་རའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི40ལྷག་ཙམ་ཟིན་གྱི་འདུག་ཅེས་བཤད།
ནག་ཆུ་གྲོང་ཁྱེར་གྱི་ཧྲི་ཀྲང་བཀྲ་ཤིས་རྡོ་རྗེས་ཚོགས་ཆེན་ཐོག་འབྲི་གཡག་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དེ་ནག་ཆུས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་དམ་འཛིན་བྱ་གཞི་དང་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩི་དགོས། ཡུལ་དེ་གའི་འབྲི་གཡག་གི་རྒྱུད་པ་འདེམས་གསོ་དང་། འབྲི་གཡག་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་། འབྲི་གཡག་ལས་རིགས་ཀྱི་ལག་རྩལ་གྱི་ཚད་གཞི་བཟོ་བ། འབྲི་གཡག་དང་འབྲོག་ལས་ཐོན་རྫས་ཕྱོགས་བསྡུས་ལས་སྣོན་བེད་སྤྱོད། ཡུལ་དེ་གའི་གཟན་རྩྭ་འདེབས་གསོ་དང་རྩྭ་ཐང་གི་སྐྱེ་ཁམས་བཅོས་སྐྱོང་སླར་གསོ་སོགས་ཀྱི་འགག་གནད་ལས་སྒྲོལ་ཐུབ་པར་བྱས་ཏེ། ཚགས་ཤ་དང་། འོ་མ། ཁུ་ལུ་སོགས་ཐོན་རྫས་རབ་དང་རིམ་པ་གསར་སྤེལ་ཧུར་ཐག་བྱས་ནས། འབྲི་གཡག་ཐོན་ལས་དེ་སྤུས་རྟགས་ལ་ཕན་འབྲས་ཐོན་པ་དང་། ཐོན་ལས་འཁོར་འབྲེལ་ལ་ཟུར་སྣོན་རིན་ཐང་ལྡན་པ། ཚན་རྩལ་གསར་གཏོད་ལ་ཐོན་སྐྱེད་ནུས་ཤུགས་གསར་མ་ལྡན་པ་བཅས་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།