ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཚོང་གཉེར་གྱི་མཐུན་རྐྱེན་ལེགས་སུ་བཏང་ནས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཡོང་བར་བྱས་པ།

སྤེལ་དུས 2024-12-13 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
—— བོད་ལྗོངས་ཀྱིས་དངོས་སྒྲུབ་ནུས་ཆེའི་བྱེད་ཐབས་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་བར་བྱས་པ།

ཚང་ཕྱུག་རྡོ་རྗེ(གཡོན་གྱི་གཉིས་པ)དང་ཚོགས་པའི་ཁོངས་མི་གཙོ་བོས་ཐོན་རྫས་བྲིན་ཚོང་རིམ་སྤོར་གྱི་ཐབས་ཇུས་ལ་གྲོས་བསྡུར་བྱེད་བཞིན་པ། 
             ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་སློབ་ཆེན་ཐོན་པའི་སློབ་མ་ཚང་ཕྱུག་རྡོ་རྗེས་ལས་གཏོད་པ6དང་མཉམ་དུ2021ལོར་ཨ་མདོ་ཐོག་དཀར་ཚང་ཕྱུག་ཐོན་ལས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་རེད། ཀུང་སིས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་དང་ཡུལ་ཟོག་ཕྱིར་ཚོང་ལས་སྟེགས་བསྐྲུན་པ་དང་ས་གནས་དེ་གའི་སྲིད་གཞུང་གི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ལས་གཏོད་ཚོགས་པ་རིམ་བཞིན་རྒྱ་ཆེར་ཕྱིན་ནས་ས་གནས་དེ་གའི་ཞིང་འབྲོག་པའི་ཐོན་ལས་དར་རྒྱས་ལ་སྣེ་ཁྲིད་ཐུབ་ཡོད། 
             ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས“ཚོང་གཉེར་ཁོར་ཡུག་ཡག་ཤོས་ཡོང་བར་བྱེད་པའི”རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་སྒྱུར་བཅོས་ཁག་གཅིག་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་སྲིད་དོན་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ཇུས་གཞི》དང《བོད་རང་སྐྱོང་ལྗོངས་ཀྱིས་ལྷོ་ནུབ་ཞིང་ཆེན་ལྔའི་སྲིད་དོན་ཞབས་ཞུའི“ཞིང་སྒྲོལ་ཀུན་སྒྲུབ”ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》 《2024ལོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་ཀའི་གཙོ་གནད》 《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་གི་རྒྱབ་ཤ་དཀར་པོའི་དེབ(2023ལོ)》བཅས་དང་། དེ་བཞིན་དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི“དོན་ཚན་ཁག38”དང“དོན་ཚན་ཁག29”ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི“དོན་ཚན་ཁག21”སོགས་ཇུས་གཞི་དང་བྱེད་ཐབས་རབ་དང་རིམ་པ་བཟོས་ནས་བཏོན་ཏེ་གཉེར་སྐྱོང་བྱེད་པོའི་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་བཏང་བ་དང་། ཚོང་གཉེར་ཁོར་ཡུག་གི་འཇམ་ཤུགས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་ལྡན་ལ་འགྱུར་བར་བྱས་པ་རེད།
             ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་སྒེར་ལྷ་གྲོང་ཚོར་སྐྱོད་སྐབས། ཧུང་ནུང་རིག་ནུས་ཅན་གྱི་བོད་བྱའི་ཐོན་ལས་གླིང་ནི་ཧ་ཅང་བརྗིད་ཉམས་ལྡན་པ་ཞིག་འདུག ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་རུ་ཁག་ཁག་དགུ་པའི་ནང་འདྲེན་རྣམ་གྲངས་ཤིག་ཡིན་པའི་ཐོན་ལས་གླིང་དེས་ཉིན་རེར་སྒོ་ང་སོས་པ་ཁྲི60ལྷག་ཙམ་དང་ལོ་རེར་སྐྱེ་ལྡན་ལུད་ཏུན་ཁྲི3ལྷག་ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད།
             བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ཧུང་ལིན་གྱིས“བོད་ལྗོངས་སུ་མ་འཇོག་ལས་གཏོད་བྱེད་པར་ཡོང་མཁན་ཁེ་ལས་ཤིག་ཡིན་པའི་ངོས་ནས་བོད་ལྗོངས་ཀྱི་ས་གནས་ཁག་གིས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་ཚོར་བྱུང་། རྣམ་གྲངས་ལག་ལེན་བསྟར་རྗེས་ས་གནས་དེ་གའི་སྲིད་གཞུང་དང་དངུལ་རྩ་སོགས་སྒྲིག་གཞིས་ལེ་ལག་ཚང་བའི་གཟིགས་སྐྱོང་སྲིད་ཇུས་དང་སྟབས་བདེའི་བྱེད་ཐབས་རབ་དང་རིམ་པ་བཏོན་པས་ང་ཚོས་བོད་ལྗོངས་སུ་མ་འཇོག་ལས་གཏོད་བྱེད་པའི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་སོང་། དེ་ནི་བོད་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་ལག་ལེན་བསྟར་ནས་བོད་ལྗོངས་སུ་མ་འཇོག་བྱེད་མཁན་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་མཚོན་ཚུལ་ཞིག་རེད”ཅེས་བཤད་པ་རེད།
             ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ལྗོངས་ཁྲིམས་འཛིན་ཐིང་དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྲོལ་ཡིག》གི་འདོན་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་སྦྲགས། འདི་ལོའི་ཟླ9ཚེས26ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། 
             བོད་ལྗོངས་ཧྲུའུ་ཤིན་ཁེ་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་གཞོན་པ་དང་རྒྱུན་ལས་སྤྱི་ཁྱབ་ཅིང་ལི་གཞོན་པ་བློ་བཟང་སྒྲོལ་མས“ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲིད་ཇུས་ཀྱི་སྐུལ་འདེད་འོག་དངོས་ཚན་དཔལ་འབྱོར་ཡིན་པའི་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་། རིམ་ཁག་སྲིད་གཞུང་སྡེ་ཚན་གྱིས་རང་འགུལ་ངང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཞབས་ཞུའི་ནུས་ཕྱོད་ཆེ་རུ་དང་ཚད་གཞི་མཐོ་རུ་བཏང་ནས་ང་ཚོའི་ཁེ་ལས་འཕེལ་རྒྱས་ཀྱི་སེམས་ཁྲལ་དང་དཀའ་ངལ་བསལ་ཡོད། ལྷག་དོན་དུ《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྲོལ་ཡིག》སང་ལོའི་ཟླ1ཚེས1ཉིན་ནས་དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་པ་དེས་ང་ཚོ་དམངས་གཉེར་ཁེ་ལས་ལ་དེ་བས་ནུས་ཆེ་དང་། དྲང་གཞག གནད་འཁེལ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུ་དང་དམངས་གཉེར་ཁེ་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་དེ་བས་སྒུལ་ཤུགས་ལྡན་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད་པ་རེད།
             ད་ལོ་ཚུན་དུ། ཁྲོམ་རར་ཞུགས་འཐུས་དང་། གཉེར་སྐྱོང་། ཁྲོམ་ར་ནས་ཕྱིར་འཐེན་བཅས་ཀྱི་ཐད་ལྷག་པའི་གཉེར་སྐྱོང་བྱེད་པོའི་འགག་གནད་དང་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་གཉེར་སྐྱོང་བྱེད་པོ་འཕེལ་རྒྱས་སྐྱོན་བྲལ་འགྲོ་རྒྱུར་ཕྱོགས་ཡོངས་ནས་འགན་ལེན་བྱ་ཆེད། བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས《བོད་རང་སྐྱོང་ལྗོངས་ཀྱི“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ཟབ་ཏུ་བཏང་ནས་གཉེར་སྐྱོང་བྱེད་པོའི་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་འཕེལ་བར་བྱ་རྒྱུའི་ལག་བསྟར་ཇུས་གཞི》བཀྲམ་སྟེ། ཁྱབ་ཁོངས་ཁག་ཏུ་ཞུགས་འཐུས་ཞིབ་མཆན་འགོད་པའི་འགྲོ་ལུགས་སྟབས་བདེ་རུ་བཏང་ཡོད། ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་གྱི་རྩིས་ཐོ་དོ་དམ་ལག་བསྟར་དང་། ཚོང་དོན་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ། གློག་རྡུལ་ལག་ཁྱེར་གཅིག་སྡུད་བཀོལ་སྤྱོད་ཁྱབ་གདལ་སོགས་སྒྱུར་བཅོས་ཀྱི་ལེ་ལག་ཚང་བའི་བྱེད་ཐབས་ལ་བརྟེན་ནས། “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེ”ཕྱོགས་ཡོངས་ལ་ཁྱབ་རྒྱུར་འགན་ལེན་བྱས་ཏེ“ཞུགས་འཐུས་ཁོ་ན་ལས་གཉེར་སྐྱོང་བྱེད་མི་ཆོག་པའི”དཀའ་གནད་སེལ་བ་དང་འབྲེལ། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་འདོམས་གསར་གཏོད་དང་སྒྱུར་བཅོས་བྱས་ནས་གཉེར་སྐྱོང་བྱེད་པོའི་རང་གཅུན་རང་སྐྱོང་དང་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གཉེར་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱས་པ་རེད།
             དེ་དང་ཆབས་ཅིག ཁེར་རྐྱང་བཟོ་ཚོང་དུད་ཚང་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་གནད་དང་འགག་གནད་ལ་དམིགས་ནས།《ཁེར་རྐྱང་བཟོ་ཚོང་དུད་ཚང་གི་རྣམ་པ་དང་རིགས་དབྱེ་དང་གནད་སྨིན་རོགས་སྐྱོར་བྱས་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཀྲམ་ནས་རྣམ་པ་དང་རིགས་དབྱེའི་ཚད་གཞི་ཞིབ་ཕྲ་བཟོས་པ་དང་། གནད་སྨིན་རོགས་སྐྱོར་བྱེད་ཐབས་བཟོས་པ། རིམ་པ་བཞིན་རོགས་སྐྱོར་དང་སྐྱེད་སྲིང་བྱས་པ། ཕྱོགས་སྒྱུར་རིམ་སྤོར་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་བཅས་བྱས་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་སྤྱིའི་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་ཤུགས་ཆེན་བཏང་བ་རེད། ད་ལོའི་ལོ་སྟོད་བར་བོད་ལྗོངས་སུ་གསར་དུ་བཙུགས་པའི་གཉེར་སྐྱོང་བྱེད་པོ་དུད་ཚང་ཁྲི4.21ཟིན་ནས་ལྗོངས་ཡོངས་ཀྱི་གཉེར་སྐྱོང་བྱེད་པོའི་གྲངས་འབོར་དུད་ཚང་ཁྲི52ལྷག་ཙམ་ཟིན་ཡོད་པ་རེད།
             བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་སྤྱི་ཚོགས་ཡིད་རྟོན་དང་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཡུས་ལི་པེའོ་ཡིས། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གིས་ཁྲོམ་རའི་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། སྲིད་དོན་ཁོར་ཡུག་དང་མ་དངུལ་བསྡུ་སྒྲིལ་ཁོར་ཡུག་ནས་འགོ་བཙུགས་ཏེ་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ་དང་མ་ལག་མཉམ་འདྲེས་དང་གྲངས་གཞི་མཉམ་སྤྱོད་ལ་སྐུལ་འདེད་རྒྱུན་མཐུད་བཏང་བས། ལྗོངས་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་བྱ་བ་དྲ་ཐོག་ནས་གཉེར་ཐུབ་ཚད100%ཟིན་པ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་སྒྲིལ་ཕྱོགས་བསྡུས་ཡིད་རྟོན་ཞབས་ཞུའི་ལས་སྟེགས་བསྐྲུན་ནས་བོད་རང་སྐྱོང་ལྗོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་དང་བརྗེ་རེས་ལས་སྟེགས་ལ་བརྟེན་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་ཡིད་རྟོན་ཆ་འཕྲིན་གཅིག་སྡུད་དང་། མཉམ་སྤྱོད། བེད་སྤྱོད་བཅས་ལ་ཤུགས་སྣོན་རྒྱག་པ་དང་། དངུལ་རྩའི་སྒྲིག་གཞིས་དམངས་གཉེར་ཁེ་ལས་ལ་གནད་སྨིན་ཡིད་རྟོན་པར་རིས་གཉེར་རྒྱུར་ཁྲིད་སྟོན་བྱེད་པ། ཡིད་རྟོན་དངུལ་བུན་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་བྱས་ཡོད། ད་ལོའི་ཟླ10པའི་ཟླ་མཇུག་བར། བོད་ལྗོངས་ཀྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར6663.93ཟིན་པ་དེ་དུས་མཚུངས་ལས11.90%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།