དགུན་དུས་ཀྱི་ཁུ་ནུ་ཟོག་འགྲེམས་གླིང་དུ་སྔར་བཞིན་བྲེལ་འཚུབ་ཀྱིས་ཁེངས་ཤིང་། ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་དང་། དངོས་ཟོག་སྐྱེལ་མཁན། སྣུམ་བླུག་མཁན། ཚ་ཕོག་རྒྱག་མཁན་སོགས་ཕྱོགས་བཞི་མཚམས་བརྒྱད་ཀྱི་འགྲུལ་པ་འདིར་འཛོམས་ཀྱི་ཡོད།
ཁུ་ནུ་ཟོག་འགྲེམས་གླིང་ནི་ལྷོ་འདབས་ཟོག་འགྲེམས་གླིང་དུ་གནས་པའི་ཟོག་འགྲེམས་གླིང་དྲུག་གི་གྲས་ཤིག་རེད། དེ་གནས་སའི་གྲོང་ཁྱེར་ན་གོར་མོ་ནི་མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་པ་དང་། 1953ལོའི་ཟླ8པའི་ཚེས3ཉིན་བོད་ལྗོངས་སྐྱེལ་འདྲེན་སྤྱི་ཁྱབ་རུ་ཁག་གིས་ན་གོར་མོའི་ས་བབ་ཁོད་སྙོམས་པའི་ས་ཆར་སྦྲ་གུར་ཕུབ་ནས་སྒར་བཏབ་སྟེ། བོད་སྐྱོད་ལམ་རྒྱུད་ཀྱི་བརྒྱུད་སྐྱེལ་ས་ཚིགས་དང་པོ་དེ་བཙུགས་པ་དང་། མཚོ་བོད་གཞུང་ལམ་སྐྲུན་པའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་རྟེན་གཞིར་གྱུར་ལ། སྐབས་དེར་ཉེ་འཁོར་དུ་སྡོད་པའི་མི་འབོར་ཆིག་སྟོང་ཡང་ཟིན་གྱི་མེད། དུས་རབས20པའི་ལོ་རབས80པར་རྒྱལ་ཡོངས་ས་གནས་ཁག་གི་བོད་སྐྱོར་དངོས་ཟོག80%ནི་ན་གོར་མོར་བསྡུ་འགྲེམས་བྱས་ཡོད།
ལིའུ་ཧྭ་ཁྲའོ་ཡི་རླངས་འཁོར་ཉམས་བཟོ་ཁང་ནི་ཟོག་འགྲེམས་གླིང་དེའི་རླངས་འཁོར་ཉམས་བཟོ་ཁང160ལྷག་ཙམ་གྱི་གྲས་ཤིག་ཡིན་པ་དང་དེ་གར་ཚོང་གཉེར་བྱས་ནས་ལོ7ལྷག་ཙམ་སོང་ཡོད། ན་གོར་མོ་འདི་ཉིད་བོད་ལྗོངས་དང་ཤིན་ཅང་། ཀན་སུའུ་དང་སི་ཁྲོན་འབྲེལ་བའི་འགྲིམ་འགྲུལ་གྱི་འགག་གནད་དུ་གནས་པས། མི་རྣམས་ཀྱིས་བོད་ལྗོངས་ཀྱི“སྐམ་སའི་གྲུ་ཁ”ཞེས་བརྗོད་ཀྱི་ཡོད། གྲོང་ཁྱེར་དེར་ལིའུ་ཧྭ་ཁྲའོ་ཡིས་མི་ཚེའི་བྱ་གཞག་གི་ཁ་ཕྱོགས་རྙེད་ཡོད། ཁོང་གིས་ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པར“2007ལོར་ཕ་ཡུལ་ནས་དེ་གར་རླངས་འཁོར་ཉམས་བཟོ་སྦྱོང་བར་ཡོང་བ་དང་ཕྱིས་སུ་ཆེད་ལས་གསོ་སྦྱོང་སློབ་གྲྭར་བསྐྱོད་ཅིང་། སློབ་གྲྭ་ནས་ཐོན་རྗེས་ན་གོར་མོར་ལོག་པ་ཡིན། མ་རྩ་གང་ཡང་མེད་པ་ནས་བྱ་གཞག་ལམ་ལྷོངས་ཡོང་བའི་བར་ལོ་བཅུ་ལྷག་ཙམ་ཕྱིན་སོང”ཞེས་བཤད།
ལིའུ་ཧྭ་ཁྲའོ་ཡིས་བཅར་འདྲི་དང་ལེན་བྱེད་བཞིན་པ།
ཁོང་གིས་ན་གོར་མོར་ཐོག་མར་སླེབས་སྐབས་མཐའ་འཁོར་དུ་མི་མེད་ལུང་སྟོང་ཡིན་ནའང་། ད་ཆ་ཟོག་འགྲེམས་གླིང་ཆེ་གྲས་གྲངས་ལས་འདས་པ་ཞིག་འཕེལ་རྒྱས་བཏང་ཡོད། ཁ་ལོ་བ་ཚོར་རླངས་འཁོར་འཇོག་ས་ཡོད་ལ། ང་ཚོར་གཅིག་སྡུད་ཞིག་གསོ་བྱེད་ས་ཡོད་པས་ཧ་ཅང་སྟབས་བདེ་པོ་ཡོད”ཅེས་བཤད།
མཚོ་བོད་གཞུང་ལམ་གྱི་འཕོ་འགྱུར་སྐོར་གླེང་སྐབས། ཉམས་བཟོ་བྱེད་མཁན་རྒན་ལགས་ལ་ཉན་སྤྲོ་བའི་གཏམ་རྒྱུད་མང་པོ་བཤད་རྒྱུ་ཡོད་ཅིང་། ཁོང་གིས“དེ་སྔ་གཞུང་ལམ་རྒྱུད་དུ་ཉམས་བཟོ་བྱེད་ས་དང་ངལ་གསོ་རྒྱག་ས་ཧ་ཅང་དཀོན་པོ་རེད། ད་ཆ་ས་ཚིགས་སྣ་ཚོགས་མང་དུ་སོང་ཡོད། ཁུ་ནུ་རི་བོ་དང་གདང་ལ་རི་བོར་རླངས་འཁོར་སྐྱོན་ཤོར་ཡང་སེམས་ཁྲལ་བྱེད་དགོས་མེད། མྱུར་དུ་ཐག་ཉེ་སའི་རོགས་སྐྱོབ་དང་འབྲེལ་བ་བྱེད་ཐུབ་ཀྱི་ཡོད”ཅེས་བཤད། ཁུ་ནུ་ཟོག་འགྲེམས་གླིང་གི་འབྲེལ་ཡོད་འགན་འཁུར་བ་ཆི་ཀོང་ཤིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟོག་འགྲེམས་གླིང་དེ2018ལོར་སྤྱོད་འགོ་ཚུགས་པ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཁ་ལོ་བས་དེ་གར་རླངས་འཁོར་ཉོ་ཚོང་དང་། རླངས་འཁོར་ཉམས་བཟོ། རླངས་འཁོར་སྒྲིག་སྦྱོར། ཟོག་འདྲེན་ཆ་འཕྲིན། ཟོག་འགྲེམས་མཛོད་འཇུག རླངས་འཁོར་ཁ་འཇོག སྣུམ་རླངས་གློག ཞག་སྡོད། བཟའ་བཏུང་། ཕྱོགས་བསྡུས་ལེ་ལག་ཚང་བའི་འབྲེལ་ཐག་ཞབས་འདེགས་ལོངས་སྤྱོད་བྱེད་ཆོག་གི་རེད། ཟོག་འགྲེམས་གླིང་གིས་ད་དུང“ལྗིད་ཐེག་རླངས་འཁོར་གྱི་རིག་གནས་བརྗོད་དོན་གཙོ་བོར་བྱེད་པའི་ཨར་ཁང”བཏོད་ཡོད།
ཟོག་འགྲེམས་གླིང་ཁུལ་དུ་བཟོ་པ་ཚོས་ངར་ལྕགས་རྒྱུ་ཆ་འདོན་འཇུག་བྱེད་བཞིན་པ།
ཁོང་གིས་མིག་སྔར་གླིང་ཁུལ་གྱིས་གཙོ་བོ་ཤིན་ཅང་དང་བོད་ལྗོངས་སུ་སྐྱོད་མཁན་འཁོར་རིགས་ལ་ཁྱོན་ཡོངས་ནས་ས་ཚིགས་ཀྱི་ཞབས་འདེགས་དང་ཟོག་འདྲེན་ཁག་བགོས་བྱེད་ཀྱི་ཡོད་དེ། ཁྱོན་ཚོང་དུད500ཙམ་ཡོད་པ་དང་ཉིན་རེར་ཆ་སྙོམས་ཞབས་ཞུའི་རླངས་འཁོར་ཐེངས3000ཡན་ཟིན་གྱི་ཡོད་པས་གླིང་ཁུལ་དེ་ཤིན་ཅང་དང་བོད་ལྗོངས་སུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་དང་འཁོར་རྒྱུག་བྱ་ཡུལ་ཞིག་ཏུ་གྱུར་ཡོད་ཅེས་བཤད། ལོ་ལྟར་བོད་ལྗོངས་སུ་དབོར་བའི་དངོས་ཟོག་གིས85%ལྷག་ཙམ་དང90%ཡན་གྱི་བོད་ལྗོངས་ནས་ཐོན་པའི་དངོས་ཟོག་ཚང་མ་ན་གོར་མོ་ནས་དབོར་གྱི་ཡོད། ཁྲེན་དབྱང་ཀྲུང་གི་ཨར་སྐྲུན་རྒྱུ་ཆ་དང་དངོས་ཟོག་ཀྱང་བོད་ལྗོངས་སུ་འབྱོར་བའི་དངོས་ཟོག་གི་གྲས་ཤིག་རེད། ཁྲེང་དབྱང་ཀྲུང་ནི་ཕུའུ་ཅན་ནས་ཡིན་པ་དང1996ལོ་དེར་ཡོང་ནས་དཀར་ཡོལ་གྱི་རིགས་ལ་བརྟེན་ནས་ཚོང་གཉེར་བྱེད་འགོ་ཚུགས་པ་དང་རྗེས་སུ་ངར་ལྕགས་རྒྱུ་ཆའི་ལས་རིགས་ལ་ཕྱོགས་པ་དང་འབྲེལ་ཧྭ་མིང་རྒྱལ་སྤྱིའི་ཟོག་འགྲེམས་གླིང་ཡང་གཉེར་འགོ་ཚུགས། ཁོང་གིས་གསར་འགོད་པར་ངོ་སྤྲོད་བྱས་པར་གཞིགས་ན། ཟོག་འགྲེམས་གླིང་བྲིན་ཁ་རྒྱུགས་པའི་དུས་སུ་ཁེ་ལས600དེའི་ནང་ཞུགས་པ་དང་ཁོང་གིས་གཙོ་གཉེར་བྱེད་པའི་འཛུགས་སྐྲུན་རྒྱུ་ཆ80%མཚོ་བོད་གཞུང་ལམ་བརྒྱུད་བོད་ལྗོངས་སུ་དབོར་གྱི་ཡོད།
ཟོག་འགྲེམས་གླིང་ཁུལ་གྱི་ཟོང་འཁོར།
ཟོག་འགྲེམས་གླིང་དེ་གཉིས་ནི་ན་གོར་མོའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་གཞུང་ལམ་གྲུ་ཁ་འཕེལ་རྒྱས་བྱུང་བའི་བསྡུས་རིས་ཤིག་རེད། ན་གོར་མོ་སྐམ་སའི་གྲུ་ཁ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཏེང་ཧྲེང་ཀྲེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གཞུང་ལམ་གྲུ་ཁར་མིག་སྔར་གཞུང་ལམ་གྲུ་ཁ་དང་། གྲོང་ཁྱེར་གྱི་སྡེབ་སྐྱེལ། རླངས་འཁོར་གྱི་བསྐྱུར་འགེལ་སྐྱེལ་འདྲེན། སྣ་མང་མཉམ་སྐྱེལ། ཚོང་དོན་ཉོ་ཚོང་། ཆ་འཕྲིན་ལས་སྟེགས་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཕྱོགས་བསྡུས་ཟོག་འགྲེམས་གླིང་ཞིག་ཆགས་ཡོད། མིག་སྔར་སྤྱི་གླིང་དུ་ཁེ་ལས6ཡོད་པ་དེར་མ་དངུལ་སྒོར་དུང་ཕྱུར19.44གཏོང་རྩིས་ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར13.6བཏང་ཟིན་པ། རིགས་ཁག་གི་ཚོང་དུད1100ལྷག་ཙམ་བཅའ་སྡོད་བྱས་པ། ཉིན་རེར་ཆ་སྙོམས་ཞབས་འདེགས་ཞུ་བའི་རླངས་འཁོར་ཐེངས5000ཟིན་པ། ལོའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲི600ཟིན་གྱི་ཡོད།
“མཁའ་ལམ་ལས་འཕེལ་རྒྱས་ལ་ལྟ་བ་དང་། མཚོ་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ70འཁོར་བའི”བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་ཀྲུང་གོ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་དང་། མཚོ་སྔོན་ཡན་ལག་ཁང་། སི་ཁྲོན་ཡན་ལག་ཁང་བཅས་ཀྱིས་ཐུན་མོང་ཐོག་ཇུས་འགོད་བྱས་པ་ཞིག་ཡིན་པ་དང་། ད་ཐེངས་ཀྱི་བྱེད་སྒོར་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད།
རྩོམ་སྒྲིག་པ། མང་ག་མཚོ།