ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་ནས་ལྷོ་ཁ་བར་ཆུ་ཚོད་གཅིག་ལས་འགོར་གྱི་མི་འདུག

སྤེལ་དུས 2024-12-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

         ཟླ12པའི་ཚེས18ཉིན་གྱི་སྔ་དྲོར། བོད་ལྗོངསS5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ(གཤམ་དུ་བོད་ལྗོངསS5ལམ་ཐིག་ཅེས་བསྡུས)དངོས་སུ་ཤར་གཏོང་ཐུབ་ནས་ཚོད་ལྟའི་འགོ་ཚུགས།

       བོད་ལྗོངསS5ལམ་ཐིག་རྣམ་གྲངས་ཀྱིས་ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་གཉིས་གཅིག་ཏུ་སྦྲེལ་ཞིང་། ལམ་དེའི་འགོ་འཛུགས་ས་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ཡིན་དེ་ལྷ་ཉིང་མྱུར་བགྲོད་གཞུང་ལམ་དང་ཕན་ཚུན་སྦྲེལ་ནས་ཡོད།

       གཞན་ཡང་། རྒོད་དཀར་ལའི་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ12.79ཡོད་པ་དང་། ས་བབ་མཐོ་ཤོས་ལ་སྨི4300ཙམ་ཟིན་ཏེ། བོད་ལྗོངསS5རྣམ་གྲངས་ཀྱི་ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཡིན་ལ། ཕུག་ལམ་ནང་རླངས་འཁོར་ཆུང་གྲས་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ80གཏོང་ཆོག་པ་དང་། ཟོག་འདྲེན་རླངས་འཁོར་ཆེ་གྲས་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ60གཏོང་ཆོག ཕུག་ལམ་གྱི་གཞོགས་གཉིས་ལ་འཁོར་ལམ་བཞི་བཟོས་ཡོད།

       མྱུར་བགྲོད་གཞུང་ལམ་དང་། འཁོར་གཏོང་གི་འགྲོས་ཚད་དང་ལམ་བར་གྱི་མཛེས་ལྗོངས་ལ་མྱོང་རོལ་ཆེད་དུ། གསར་འགོད་པ་དང་བཅས་པ་རླངས་འཁོར་བཏང་ནས་མྱུར་བགྲོད་གཞུང་ལམ་གྱི་འགོ་འཛུགས་ས་སྟེ། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ནས་ཐོན་ཏེ་ལམ་རྒྱུད་དུ་རྡོ་གཞུང་ནང་རོང་བརྒྱུད་གཉན་ཁ་གྲོང་ཚོ་དང་། ཤིང་ཚང་གྲོང་ཚོ། རྒོད་དཀར་ལ་ཕུག་ལམ་བཅས་བརྒྱུད་མཐར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་དུ་བསྐྱོད་པ་ཡིན།

      རྒོད་དཀར་ལའི་ཕུག་ལམ་དུ་སླེབས་རྗེས། ཁ་དོག་གསུམ་ལྡན་གྱི་གློག་འོད་ལ་འགྱུར་ལྡོག་བྱུང་བ་དང་། ཕུག་ལམ་གྱི་ཀླད་དུ་གནམ་སྔོན་སྤྲིན་དཀར་གྱི་རི་མོ་ཇུས་འགོད་བྱས་ཡོད་དེ། རི་མོ་དེ་དག་གློག་འོད་ཀྱི་འགྱུར་བ་དང་བསྟུན་ནས་འགྱུར་ལྡོག་འགྲོ་གི་ཡོད་པས་ཁ་ལོ་བའི་མཐོང་ཚོར་གྱི་ངལ་དུབ་ཆུང་དུ་ཕྱིན་འགྲོ ཕུག་ལམ་ནས་ཐོན་ཏེ་མུ་རོང་བརྒྱུད་ལྷོ་ཕྱོགས་སུ་ཕྱིན་པ་དང་ལྷོ་ཁ་གྲོང་ཁྱེར་གྱི་ས་མཚམས་སུ་སླེབས། ཉེ་འཁོར་གྱི་རི་སྟེང་གི་རྩི་ཤིང་སྟག་རྩེ་ཆུས་ཁོངས་ཀྱི་རྩི་ཤིང་ལས་ཅུང་མང་བ་དང་། རི་སྟེང་དུ་སྤྲིན་སྨུག་འཁྲིགས་པས་ཡུལ་ལྗོངས་ཧ་ཅང་མཛེས།  རི་སྟེང་གི་ཆུ་རྒྱུན་དེ་མྱུར་བགྲོད་ལམ་གྱི་འགྲམ་གྱི་ཆུ་འབུད་ཡུར་བུ་བརྒྱུད་དེ་སྨད་རྒྱུད་དུ་རྒྱུག་བཞིན་ཡོད། མྱུར་བགྲོད་གཞུང་ལམ་དེ་གཡུ་འབྲུག་སྔོན་མོ་ཐང་ལ་རྒྱུ་བ་ཇི་བཞིན་རི་ཚོགས་ཀྱི་ཁྲོད་དུ་གྱ་གྱུར་འབྲེལ་ནས་ཡོད།

           མུ་རོང་བརྒྱུད་ནས་ལྷོ་ཕྱོགས་སུ་སྐྱོད་ན་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གནས་མགོ་གྲོང་ཚོ་རེད། གནས་མགོ་གྲོང་ཚོ་དང་ཤིང་ཚང་གྲོང་ཚོའི་དབར་ཐད་ཀར་བར་ཐག་སྤྱི་ལེ24ལས་མེད་ཀྱང་། རི་ཚོགས་ཀྱིས་བཀག་པར་བརྟེན་བོད་ལྗོངས་ཀྱིS5ལམ་ཐིག་གི་མྱུར་བགྲོད་གཞུང་ལམ་དུ་མ་བསྐྱོད་གོང་གནས་མགོ་གྲོང་ཚོའི་གྲོང་མི་ལྷ་ས་གྲོང་ཁུལ་དུ་སྐྱོད་པར་ཆུ་ཚོད་གསུམ་ནས་བཞི་ཙམ་འགོར་གྱི་ཡོད།

       གནས་མགོ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རིན་ཆེན་བག་གྲོས“བོད་ལྗོངས་ཀྱིS5མྱུར་བགྲོད་གཞུང་ལམ་མ་བསྐྲུན་གོང་གྲོང་མི་ཚོས་བསམ་ཡས་གྲོང་རྡལ་དུ་རླངས་འཁོར་བཏང་སྟེ་ཧ་ལམ་ཆུ་ཚོད་གཅིག་འགོར་གྱི་འདུག ལམ་བཟོས་རྗེས་གནས་མགོ་གྲོང་ཚོ་ནས་བསམ་ཡས་གྲོང་རྡལ་བར་སྐར་མ30ལས་འགོར་གྱི་མེད། ལམ་ཤར་གཏོང་ཐུབ་པ་དང་གྲོང་མི་ཚོ་སྨན་པ་བསྟེན་པར་དེ་བས་སྟབས་བདེ་རུ་ཕྱིན་པ་མ་ཟད། ང་ཚོའི་གྲོང་ཚོའི་ཉེ་འགྲམ་དུ་ད་དུང་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡོད་པས་ཡུལ་སྐོར་དུ་ཡོང་མཁན་ཡང་མང་དུ་ཕྱིན་ནས་གྲོང་མི་ཚོའི་ཡོང་འབབ་ཀྱང་མང་དུ་འགྲོ་སྲིད”

       ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིའི་གཞུང་ལམ་འཛུགས་སྐྲུན་ཅུས་གཉིས་པའི་བོད་ལྗོངས་ལྷ་རྩེའི་ཕུག་ལམ་རྣམ་གྲངས་པུའི་ཅིང་ལི་གཞོན་པ་ཅ་ཧའོ་ཧའོ་ཡིས། གཞུང་ལམ་གྱི་འཆར་འགོད་ནི་ཕྱོགས་གཉིས་ལ་འཁོར་ལམ་བཞིའི་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་ལྟར་བཟོས་པ་དང་། ཇུས་འགོད་ཀྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ80ཡིན། ཟམ་པ་དང་ཕུག་ལམ་གྱིས་བཟུང་བའི་བསྡུར་ཚད65%ཙམ་ཟིན་ཞིང་། ཟམ་པ་ཁྱོན13(དེའི་ནང་ཕན་ཚུན་ཤར་བགྲོད་ཟམ་པ་ལངས་གཟུགས་སྣོལ་མ2ཚུད་ཡོད)ཡོད། མེ་འཁོར་ཤར་གཏོང་ཐུབ་རྗེས་ལྷོ་ཁ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་དབར་རླངས་འཁོར་ལ་བསྡད་ན་ཆུ་ཚོད་གཅིག་ལས་འགོར་གྱི་མེད་པས། ལྷ་ས་དང་ལྷོ་ཁའི་དབར་རླངས་འཁོར་ཤར་གཏོང་ཐུབ་པའི་དུས་ཚོད་ཐུང་དུ་ཆེས་ཆེར་འགྲོ་རྒྱུ་དང་། ལམ་ཐག་སྤྱི་ལེ65ཙམ་ཐུང་དུ་འགྲོ་རྒྱུ། དུས་ཚོད་སྐར་མ40ཙམ་གྲོན་ཆུང་ཐུབ་ནས་ས་གནས་གཉིས་ཀྱི་མང་ཚོགས་དབར་འགྲོ་འོང་དང་སྤེལ་རེས་བྱ་རྒྱུར་སྟབས་བདེ་ཆེན་པོ་བསྐྲུན་ནས་ལྷ་ས་དང་ལྷོ་ཁའི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགྲིམ་འགྲུལ་འགན་ལེན་ཐུབ་རྒྱུ་རེད།

 


 རྩོམ་སྒྲིག་པ། མང་ག་མཚོ།