ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཧྲུའུ་ཅི་པ་སངས་ལ་བཅར་འདྲི་བྱེད་པ་ནི་ཧྲུའུ་ཅི་པ་སངས་འཚོལ་བ་ནས་འགོ་ཚུགས་དགོས། “ཚེ་སྲོག་གི་ཟིན་དེབ”ཞིག་ལས་མི་འབོར600ལྷག་ཙམ་ཡོད་པའི་དིང་རི་རྫོང་གི་མི་འབོར་མང་བའི་གྲོང་ཚོ་དེར་མི་སྣ་ཤི་རྨས་བྱུང་ཚད་ཉུང་དུ་བཏང་ཡོད། ཁ་པར་ནས་འབྲེལ་གཏུག་བྱས་པ་བརྒྱུད་ང་ཚོས་ཧྲུའུ་ཅི་པ་སངས་གྲོང་ཚོར་བསྡད་ཡོད་པ་ཤེས་བྱུང་ཡང་གྲོང་ཚོའི་ཕྱོགས་གང་སར་བཙལ་ཡང་ཁོང་རྙེད་མ་བྱུང་། ང་ཚོས་གྲོང་མི་དང་མཉམ་དུ་གྲོང་ཚོའི་མདོ་ནས་དབུས་བར་སྐར་མ20ཙམ་ལ་འདྲི་རྩད་བྱེད་ཞོར་བཙལ་རྗེས་གཞི་ནས་དིང་རི་རྫོང་གྲམ་སོ་ཞང་ཟིང་དཀར་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་པ་སངས་རྙེད་བྱུང་།
ཟིང་དཀར་གྲོང་ཚོའི་གྲོང་མིས་གསར་འགོད་པ་འཁྲིད་དེ་ཧྲུའུ་ཅི་པ་སངས་གང་སར་འཚོལ་བཞིན་པ།
ཟིང་དཀར་གྲོང་ཚོ་ནི་ས་ཡོམ་བྱུང་རྗེས་ང་ཚོས་འཐབ་ས་དང་པོར་བཅར་འདྲི་བྱས་ནས་ཉིན་ཤས་སོང་རིང་འཕྲད་པའི་གྲོང་ཚོ་ཆེ་ཤོས་དེ་ཡིན་ཞིང་། གྲོང་ཚོའི་ནང་གུར་གོ་རིམ་ལྡན་པའི་ངང་བརྒྱབ་ཡོད་པ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོ་གྲོང་ཚོའི་འགྲམ་དུ་སྒར་བརྒྱབ་སྟེ་བཅའ་སྡོད་བྱས་ཡོད་ལ། འཕྲིན་གཏོང་དང་། གློག་ཤུགས། སྨན་བཅོས་སོགས་ཕྱོགས་ཁག་གི་ཉེན་སྐྱོབ་རུ་ཁག་དག་ཀྱང་ལས་ལ་བྲེལ་བཞིན་ཡོད། མི་འབོར་འདི་འདྲ་མང་བའི་གྲོང་ཚོ་དེ་ས་ཡོམ་རྒྱག་སྐབས་ཇི་ལྟར་བྱས་ནས་གོ་རིམ་ལྡན་པའི་ངང་ཁ་འགྲེམས་བྱས་ཡོད་དམ། དེ་དག་ཚང་མ་ཧྲུའུ་ཅི་པ་སངས་ཀྱིས་རྟག་པར་ལག་ཏུ་བཟུང་བའི“ཚེ་སྲོག་གི་ཟིན་དེབ”དེ་དང་ཁ་འབྲལ་ཐབས་མེད།
ཧྲུའུ་ཅི་པ་སངས་དང་ཁོང་གི“ཚེ་སྲོག་གི་ཟིན་དེབ”
“ཞོགས་པའི་ཆུ་ཚོད་བརྒྱད་པ་ལྷག་ཙམ་ལ་ས་ཡོམ་མངོན་གསལ་དོད་པོ་ཞིག་བྱུང་བས། ངས་འཕྲལ་དུ་མལ་ལས་ལངས་ནས་རླུང་འཕྲིན་བརྒྱུད་གྲོང་མི་ཚོར་ཛ་དྲག་ངང་ཁ་འགྲེམས་བྱ་རྒྱུའི་བརྡ་ཐོ་བཏང་བ་ཡིན། ཆུ་ཚོད9དང་སྐར་མ5ལ་ས་ཡོམ་ཤུགས་ཆེ་ཤོས་དེ་རྒྱག་སྐབས། རླུང་འཕྲིན་མ་ལག་ས་ཡོམ་ཁྲོད་འཕྲོ་བརླག་ཤོར་བས། ངས་སྐད་འཕྲིན་ཚོགས་པ་བརྒྱུད་གྲོང་མི་ཚོར་ཛ་དྲག་ངང་འབྲོ་དགོས་པའི་བརྡ་གཏོང་རྒྱུ་ལས་ཐབས་གཞན་མི་འདུག”ཅེས་ཧྲུའུ་ཅི་པ་སངས་ཀྱིས་བཤད། གློ་བུར་དུ་བྱུང་བའི་གནོད་འཚེའི་མདུན་དུ་པ་སངས་ཀྱིས་ཐབས་ཤེས་ཡོད་རྒུ་བཏོན་ནས་གྲོང་མི་གང་མགྱོགས་ཕྱིར་འཐེན་བྱེད་དགོས་པའི་བརྡ་བཏང་ཞིང་། གྲོང་མི་ཚོ་གཅིག་རྗེས་གཉིས་མཐུད་ངང་གྲོང་ཚོའི་ས་སྟོང་དུ་འབྱོར་སྐབས། ཁོང་གིས་གྲོང་ཚོའི་ལས་བྱེད་པ་དག་གྲོང་ཚོའི་ཨུ་ལྷན་གཉིས་དང་། ཆེད་བསྐོས་ལས་བྱེད་པ། གྲོང་སྡོད་ལས་དོན་རུ་ཁག་བཅས་ཚོགས་ཆུང་གསུམ་ལ་བགོས་ནས་མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་མིག་སྔའི་མི་གྲངས་བསྡོམས་རྩིས་བྱེད་དགོས་པའི་རེ་བ་བཏོན་ཡོད། “མཇུག་ཏུ་ངས་དེ་ཐབས་ཤེས་བཟང་པོ་ཞིག་མིན་པ་ཤེས་བྱུང་། ཐོ་རྒྱག་མཁན་མང་དྲག་སྟབས་བསྡོམས་རྩིས་བྱེད་སྐབས་གོ་རིམ་མེད་པར་འགྱུར་བས་མཐར་ངས་རང་ཉིད་ཀྱི་ཟིན་དེབ་འཁྱེར་ནས་རེ་རེ་བཞིན་རྩིས་བརྒྱབ་པ་ཡིན”ཞེས་པ་སངས་ཀྱིས་བཤད།
པ་སངས་ཀྱིས་བཤད་པའི་ཟིན་དེབ་ནི“ཚེ་སྲོག་གི་ཟིན་དེབ”དེ་ཡིན་ཞིང་། ཟིན་དེབ་འདིའི་ཐོག་གྲོང་ཚོ་ཡོངས་ཀྱི་མི་ཚང་མའི་ཆ་འཕྲིན་བཀོད་ཡོད་པ་སྟེ། ཁྱིམ་ཚང་གང་ལ་མི་ག་ཚོད་ཡོད་པ་དང་། ཁྱིམ་ཚང་གང་གི་ཕྲུ་གུ་སློབ་གྲྭ་གང་དུ་ཡོད་པ། ལོ60ཡན་གྱི་རྒན་རྒོན་ག་ཚོད་ཡོད་པ་སོགས་གྲོང་ཚོ་ཡོངས་ཀྱི་མི་འབོར་གྱི་ཆ་འཕྲིན་ཁོང་གི་ཟིན་དེབ་ཐོག་གསལ་པོར་བཀོད་ཡོད། "ངས་ཟིན་དེབ་འཁྱེར་ནས་མི་རེ་རེ་བཞིན་རྩིས་རྒྱག་སྐབས་གྲོང་ཚོར་ད་དུང་མི་གཉིས་ཚང་མི་འདུག སྐབས་དེར་མི་དེ་གཉིས་གང་དུ་ཡོད་མེད་དང་། ཁོང་ཚོ་ས་འོག་ཏུ་ལུས་པའམ་ཡང་ན་འདི་གར་ཡོང་མེད་པ་གང་ཡིན་མི་ཤེས་པས་ངར་སེམས་འཚབ་ཆེན་པོ་སྐྱེས་བྱུང་། མཇུག་ཏུ་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་འདིར་འབྱོར་རྗེས་གཞི་ནས་ཁོང་ཚོ་སྐྱོབ་ཐུབ་བྱུང"ཞེས་པ་སངས་ཀྱིས་བཤད། ཁོང་གི་ཟིན་དེབ་ལས་མི600ལྷག་ཙམ་ཡོད་པའི་གྲོང་ཚོ་དེའི་གྲོང་མིའི་བདེ་འཇགས་གནས་ཚུལ་འཕྲལ་དུ་ཁོང་དུ་ཆུད་ཡོད་ལ། ད་གཟོད་དམིགས་ཡུལ་ཡོད་པའི་སྒོ་ནས་ཉེན་གྱར་མང་ཚོགས་དེ་བས་མང་བ་འཚོལ་སྐྱོབ་ཐུབ་ཡོད།
ས་ཡོམ་ཁྲོད་རྡིབ་པའི་ཟིང་དཀར་གྲོང་ཚོའི་གྲོང་མིའི་སྡོད་ཁང་།
“ཁང་པར་སྡོད་ཐབས་བྲལ་ཚེ། ང་ཚོས་སྔོན་ལ་གྲོང་མིའི་ཟས་གོས་སྡོད་གསུམ་གྱི་གནད་དོན་ཐག་གཅོད་བྱེད་ཐབས་འཚོལ་དགོས”གྲོང་ཚོའི་ཁང་པ་འབོར་ཆེན་རྡིབ་པའི་མདུན་དུ་པ་སངས་ག་བྱེད་འདི་བྱེད་མེད་པར་འགྱུར་མེད་པར། ཁོང་གིས་མཚམས་འདིར་གང་སྒྲུབ་དགོས་པ་དང་གང་སྒྲུབ་མི་རུང་བ་གསལ་པོར་ཤེས་ཀྱི་ཡོད་ལ། མཚམས་འདིར་དོན་དག་གང་ཞིག་ཛ་དྲག་ཆེ་ཤོས་དང་གང་ཞིག་རྗེས་སུ་བྱས་ན་འགྲིག་པ་གསལ་པོར་ཤེས་ཀྱི་ཡོད།
པ་སངས་ཀྱིས་ཞང་སྲིད་གཞུང་ལ་གྲོང་ཚོའི་གནས་ཚུལ་སྙན་སེང་ཞུས་ནས། ཕྱོགས་གཅིག་ནས་གོང་རིམ་གྱིས་གུར་སོགས་གེགས་སེལ་དངོས་ཟོག་ཛ་དྲག་ངང་བཀོད་གཏོང་བྱ་རྒྱུའི་རེ་ཞུ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་གྲོང་ཚོའི་ལས་བྱེད་པ་ཚོས་གནོད་འཚེ་ཐེབས་པའི་མང་ཚོགས་ལ་སེམས་གསོ་གཏོང་བར་མངགས། “ནོར་ལུག་དང་རྒྱུ་ནོར་གཞན་དག་ལ་གྱོང་གུན་ཐེབས་ཀྱང་རྗེས་སུ་ཡང་བསྐྱར་ཡོང་སྲིད། མིའི་བདེ་འཇགས་ནི་ད་ལྟའི་དུས་སྐབས་སུ་གལ་ཆེ་ཤོས་ཡིན”ཞེས་པ་སངས་ཀྱིས་གྲོང་ཚོ་ཡོངས་ཀྱི་གྲོང་མི་ཚོར་ཁང་པ་རྡིབ་སའི་ཕྱོགས་སུ་གཏན་ནས་ལོག་མི་རུང་བའི་མངགས་བཅོལ་ཡང་ཡང་བྱས།
པ་སངས་ཀྱིས“ཚེ་སྲོག་གི་ཟིན་དེབ”དེ་དུས་དང་རྣམ་པ་ཀུན་ཏུ་ལག་ཏུ་དམ་པོར་བཟུང་བཞིན་ཡོད་ལ། ཟིན་དེབ་དེས་པ་སངས་ལ་ཉེན་ཁའི་ཁྲོད་དུ་བསམ་བློ་མི་འཁྲུག་པར་ཟིང་དཀར་གྲོང་ཚོའི་ཡོམ་རྗེས་བཀོད་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པ་བྱུང་ཡོད།
ཟིང་དཀར་གྲོང་ཚོའི་གནོད་འཚེ་ཐེབས་པའི་གྲོང་མིའི་བཀོད་སྒྲིག་བྱ་ཡུལ་གོ་རིམ་ལྡན་པ།
པ་སངས་ཀྱི་ཟིན་དེབ་ནི་ཡོམ་ལྟེའི་རྒྱ་ཆེའི་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པས་དངོས་འཛིན་དངོས་སྒྲུབ་དང་དངོས་ཐོག་བདེན་འཚོལ་བྱས་པའི་མཚོན་ཚུལ་ཞིག་ཡིན་ཞིང་། ཁོང་ཚོས་སྤྱི་ཡོངས་ལ་དམིགས་པ་དང་ཆུང་ཙག་ནས་འགོ་བརྩམས་ཏེ“གནས་ཚུལ་གསལ་རྟོགས་དང་། གྲངས་ཀ་ཡང་དག འགན་འཁྲི་ཁ་གསལ། ལས་དོན་ཏན་ཏིག”བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་བྱས་ཡོད།