ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་སྨན་རྩིས་ཁང་གིས་དམངས་ལ་ཕན་བདེ་བསྐྲུན།

སྤེལ་དུས 2025-01-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       དིང་རི་རྫོང་མཚོ་སྒོ་ཞང་དུ། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ་བསོད་རྡོ་ཡིས་སྤྲོ་སེམས་འཁོལ་བའི་ངང་ནད་པའི་གནས་ཚུལ་འདྲི་རྩད་བྱས་པར་མ་ཟད། ཁོང་ལ་སྨན་ཁང་ནས་ཆེད་དུ་སྡེབ་སྦྱོར་བྱས་པའི་བོད་སྨན་སྦྱིན་བྱུང་།
       ཉིན་གཅིག་གི་རིང་ལ། བོད་ལྗོངས་སྨན་རྩིས་ཁང་གི་སྨན་པ་བརྒྱད་བཀོད་སྒྲིག་བྱ་ཡུལ་གསུམ་དུ་བསྐྱོད་དེ།   ཁྱོན་མི160ལ་སྨན་བཅོས་བྱས་ཤིང་སྒོར་ཁྲི2ཀྱི་རིན་ཐང་ལྡན་པའི་སྨན་རྫས་རིགས50ལྷག་ཙམ་སྤྲད།
       ས་ཡོམ་བྱུང་རྗེས་སུ། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་དེ་མ་ཐག་ཏུ་སྲིད་གཞུང་གི་འབོད་སྐུལ་དང་དུ་བླངས་ནས།  མྱུར་བ་མྱུར་དུ་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ཏེ་གནོད་ཐེབས་ས་ཁུལ་དུ་བསྐྱོད་ནས་མང་ཚོགས་ལ་སྨན་བཅོས་རོགས་སྐྱོབ་གནང་།
       སྨན་བཅོས་རུ་ཁག་གི་འགན་འཁུར་བས་ངོ་སྤྲོད་གནང་བ་ལྟར་ན།  ས་ཡོམ་བྱུང་རྗེས་སུ།  བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་དེ་མ་ཐག་ཏུ་ཡོམ་འགོག་གེགས་སེལ་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ཤིང་།  མཁོ་བསྟུན་རོགས་སྐྱོབ་ཀྱི་སྔོན་ཇུས་ལག་བསྟར་བྱས་པ་དང་།   ཟླ་དང་པོའི་ཚེས7ཉིན།   སྨན་རྩིས་ཁང་གིས་རྒྱལ་ཁབ་ཀྲུང་ལུགས(བོད་སྨན)གསོ་རིག་རོགས་སྐྱོབ་རུ་ཁག་གི་མྱུར་སྐྱོབ་དང་།  རུས་པར་སྐྱོན་ཆག་བྱུང་བ་དང་།  ཕྱི་ནད་ཕལ་བ།  ནད་གཞི་ཚབས་ཆེན་སོགས་ཆེད་ལས་མི་སྣ15ཡིས་གྲུབ་པའི་དཔུང་ཁག་ཅིག་སྒྲིག་འཛུགས་བྱས་ཏེ།   ཡོམ་འགོག་གེགས་སེལ་གྱི་སྨན་བཅོས་རུ་ཁག་ཁག་དང་པོ་གནོད་འཚེ་ཐེབས་ཁུལ་དུ་བསྐྱོད།   ཟླ་དང་པོའི་ཚེས7ཉིན་གྱི་ཆུ་ཚོད22ཐོག་ཏུ།  སྨན་བཅོས་འཕྲལ་སྡོམ་རུ་ཁག་གཞིས་ཀ་རྩེ་གྲོང་ཁྱེར་དུ་འབྱོར་རྗེས་སུ།  གྲོང་ཁྱེར་སྨན་བཅོས་རོགས་སྐྱོབ་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྟེ།  འཕྲལ་མར་གཞིས་ཀ་རྩེ་གྲོང་ཁྱེར་བོད་སྨན་ཁང་དུ་བསྐྱོད་དེ་སྨན་བཅོས་སྐྱོབ་བཅོས་ཀྱི་ལས་དོན་སྤེལ།   ཟླ་དང་པོའི་ཚེས8ཉིན།  ལས་ཀའི་དགོས་མཁོར་གཞིགས་ནས་སྨན་ཁང་གིས་ཆེད་ལས་ལག་རྩལ་མི་སྣ4སླར་ཡང་གེགས་ཁུལ་དུ་མངགས།
       གནོད་ཐེབས་ས་ཁུལ་དུ་སྨན་བཅོས་རུ་ཁག་ལ་འཕྲད་པའི་གནས་ཚུལ་ཧ་ཅང་ཛ་དྲག་པོ་ཡོད།   ས་ཡོམ་གྱིས་གཏོར་བཤིག་ཐེབས་པའི་དབང་གིས་མང་ཚོགས་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པ་དང་།  དེའི་ནང་དུ་མི་ཁ་ཤས་ཀྱི་རུས་པར་གས་ཁ་ཤོར་འདུག   སྨན་བཅོས་རུ་ཁག་གཞིས་ཀ་རྩེ་གྲོང་ཁྱེར་སྨན་རྩིས་ཁང་དུ་འབྱོར་སྐབས་སུ་དེ་མུར་ནད་པ་ཚབས་ཆེན་བརྒྱད་ལ་སྨན་བཅོས་བྱས་ཤིང་།   སྨན་བཅོས་རུ་མི་ཚོས་འཕྲལ་དུ་ཛ་དྲག་གི་ལས་དོན་ལ་ཞུགས་ནས་ནད་པ་ཚང་མར་རིག་ཚན་མང་པོའི་བརྟག་དཔྱད་བྱས་པ་དང་ཚན་རིག་དང་མཐུན་པའི་སྨན་བཅོས་ཇུས་གཞི་བཟོས་པ་རེད།   ཆེད་མཁས་པ་ཚོས་འབད་བརྩོན་བྱས་པ་བརྒྱུད།  རྨས་མ་བརྒྱད་ཀྱི་ནང་ནས་བཞི་ལ་བདེ་བླག་ངང་གཤགས་བཅོས་བྱས་པ་དང་རྨས་མ་གཞན་དག་ལའང་སྨན་བཅོས་འོས་འཚམ་བྱས།
       སྨན་ཁང་དུ་སྐྱོབ་བཅོས་ལས་དོན་སྤེལ་བ་ལས་གཞན།  སྨན་བཅོས་རུ་ཁག་གིས་ད་དུང་གནོད་ཐེབས་ས་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་ཁག་ཏུ་བསྐྱོད་ནས་སྨན་བཅོས་སྐོར་ཞིབ་ཀྱི་སྐྱོབ་བཅོས་ལས་དོན་སྤེལ་བ་དང་།   ཁོང་ཚོས་བོད་སྨན་གྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།  བོད་སྨན་གྱི་རྩ་བརྟག་སོགས་སྨན་བཅོས་བྱེད་ཐབས་སྤྱད་དེ་ནད་པ་ཚང་མར་ཞིབ་ཕྲའི་བརྟག་དཔྱད་ནན་ཏན་བྱས་པར་མ་ཟད།  བོད་སྨན་སྦྱིན་ནས་ནད་པར་སྨན་བཅོས་བྱས་ཤིང་།   དེ་དང་ཆབས་ཅིག་ཏུ་སྨན་བཅོས་རུ་ཁག་གིས་ད་དུང་སེམས་ཁམས་མཛུབ་སྟོན་དང་སེམས་ཁམས་སླར་གསོའི་ལས་དོན་ཧུར་ཐག་སྤེལ་ནས།   གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱི་སེམས་ནད་ཆུང་དུ་གཏོང་རོགས་བྱས་པ་རེད།
       མ་འོངས་པའི་ལས་དོན་ཐད་དུ།   བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྨན་བཅོས་སྐྱོབ་བཅོས་རུ་ཁག་གིས་མུ་མཐུད་དུ་གནོད་ཐེབས་ས་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་ཁག་ཏུ་ཟབ་འཇུག་བྱས་ནས།  བོད་སྨན་གྱི་སྨན་བཅོས་སྐྱོབ་བཅོས་དང་།  སེམས་ཁམས་གསེད་བཀྲོལ།  ནད་རིགས་སྔོན་འགོག་བཅས་ཀྱི་ལས་དོན་མཁོ་འདོན་བྱེད་ཀྱི་ཡིན་ཞེས་བཤད།   ཁོང་ཚོས་སྔར་བས་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་སྔར་བས་ཏན་ཏིག་གི་བྱ་སྤྱོད་ལ་བརྟེན་ནས་གེགས་ཁུལ་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོའི་བདེ་ཐང་འགན་ལེན་ཡག་པོ་བྱ་རྒྱུ་ཡིན།
       ཐེངས་འདིའི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོམ་འགོག་གེགས་སེལ་སྨན་བཅོས་རུ་ཁག་གི་རོགས་སྐྱོབ་བྱ་སྤྱོད་དེས་བོད་སྨན་དང་སྨན་རྫས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་ནུས་པ་མངོན་པར་མ་ཟད།  གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་དྲོ་སྐྱིད་སྦྱིན་ཞིང་།   ཁོང་ཚོའི་ཆེད་ལས་ཞབས་ཞུ་དང་ལྷག་བསམ་ཟོལ་མེད་ཀྱི་ཐུགས་ཁུར་ལ་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱིས་ཡིད་ཆེས་དང་དགའ་བསུ་ཆེན་པོ་ཐོབ་ཡོད།   ཁོང་ཚོའི་འབད་བརྩོན་འོག་ཏུ་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱིས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་སྔ་ཙམ་སླར་གསོ་ཐུབ་ངེས་ཡིན་པར་ཡིད་ཆེས་བརྟན་པོ་ཡོད།