ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཅུན་ཀྲེང་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

སྤེལ་དུས 2025-01-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཚེས་19ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
  ཚེས་19ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྟེ་བའི་གྲོང་ཁྱེར་གྱི་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གདོང་དམག་ཡག་པོ་བྱེད་པ། “དོན་ཆེན་བཞིར”རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་པ། “འཛུགས་གཏོད་བཞིར”སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
  ལྷ་སའི་འཐུས་མི་ཚོགས་པས་གྲོས་ཞིབ་ཚ་ཚ་འུར་འུར་ངང་གནང་བས་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པ་རེད། ཤའོ་ཡིའུ་ཚའེ་དང་། བསྟན་འཛིན་རབ་དཔལ། བསྟན་འཛིན་ནོར་བུ། ཐང་ཀོན་ཀྲུང་། ཚེ་རིང་ཆོས་སྐྱིད། ཕུའུ་ལི་ལི། བསྟན་འཛིན་ཆོས་གྲགས། བློ་བཟང་སྒྲོལ་དཀར། བདེ་སྐྱིད་གཡང་འཛོམས་བཅས་འཐུས་མི་9ཡིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ། དམངས་འཚོ་འགན་ལེན་བྱེད་པ། གཞི་རིམ་ལས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་བྱེད་པ་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་བ་དང་། ཝང་ཅུན་ཀྲེང་གིས་བཀའ་འདྲི་ཡང་ཡང་གནང་སྟེ་ཚང་མ་དང་སྤེལ་རེས་གནང་བ་རེད།
  ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཝང་ཅུན་ཀྲེང་གིས་བློ་མཐུན་ཀརྨ་ཚེ་བརྟན་གྱིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བླང་བྱ་ལྟར་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་དང་། དམིགས་ཚད་གཏན་འཁེལ་བྱས་པ་བརྟན་ཐོག་ཡར་འཕེལ། ལས་དོན་བཀོད་སྒྲིག་བྱས་པ་ཏན་ཏིག་ནུས་ལྡན་བྱུང་བ་བཅས་ནི་མི་རྣམས་ལ་འབད་འབུངས་མདུན་སྐྱོད་ཀྱི་སྐུལ་འདེད་གཏོང་བའི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།
  ཝང་ཅུན་ཀྲེང་གིས་གསུངས་དོན། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ལྷ་སར་གནས་བབ་གལ་ཆེན་ལྡན་པ་དང་ནུས་པ་གལ་ཆེན་ཐོན་བཞིན་ཡོད། གདོང་དམག་གི་འདུ་ཤེས་ཟབ་ཏུ་བཏང་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ལ་བློ་རྩེ་གཅིག་སྒྲིམ་གྱིས་དམ་འཛིན་ཡག་པོ་བྱེད་པ། དངོས་འཛིན་དངོས་སྒྲུབ་དང་སྔོན་གཏོད་ལེགས་བརྩོན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པར་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་བརྟེན་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས།
  ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་མངོན་གསལ་དོད་དུ་གཏོང་བ་དང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ་གདོང་དམག་ཡག་པོ་བྱེད་རིང་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱེད་པ། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་གཏོང་བ་བཅས་བྱས་ནས་ཡུན་རིང་བདེ་འཁོད་ལ་རྨང་གཞི་བརྟན་པོ་འདིང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། ནུས་ལྡན་གྱི་མ་འཇོག་རྒྱ་སྐྱེད་རྒྱུན་མཐུད་གཏོང་བ་དང་། ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆ་དང་ཁྱད་ལྡན་ལེགས་ཆར་ཞིབ་འཇུག་གཏིང་ཟབ་བྱེད་པ། ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིད་བྱེད་པ། སྲོལ་རྒྱུན་ཐོན་ལས་མགྱོགས་མྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་རྒྱས་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པར་འགན་ལེན་བྱེད་དགོས། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ནང་མཉམ་འདྲེས་དང་ཞབས་འདེགས་ཧུར་ཐག་ཞུ་བ་དང་། རང་འགུལ་ངང་ཁྲེང་ཏུའུ་དང་ཁྲུང་ཆིང་གི་དཔལ་འབྱོར་འཁོར་རྒྱ་དང་འབྲེལ་མཐུད་བྱེད་པ། གླིང་ཁུལ་གྱི་དཔལ་འབྱོར་དང་སྒོ་ཁྲལ་མེད་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་སྟེ། རིགས་ཁག་གི་ཁྲོམ་རའི་བྱེད་པོར་བློ་རྩེ་གཅིག་སྒྲིམ་གྱིས་ལས་གཏོད་བྱེད་པ་དང་། བློ་བདེ་པོས་མ་འཇོག་བྱེད་པ། བློས་འཁེལ་པོས་འཕེལ་རྒྱས་གཏོང་བ་བཅས་བྱེད་དུ་འཇུག་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་མི་དམངས་མང་ཚོགས་ལ་ལས་ཀ་དང་འཚོ་བའི་ཆ་རྐྱེན་བཟང་པོ་སྐྲུན་དགོས། ལོ་རྒྱུས་རིག་གནས་ཀྱི་ནང་དོན་སྔོག་འདོན་དང་། སྲོལ་རྒྱུན་གྱི་བཀོད་པ་དང་ལོ་རྒྱུས་ཀྱི་ཉམས་འགྱུར་ལ་ཞིབ་འཇུག་བྱས་ཏེ་གྲོང་ཁྱེར་གྱི་རིག་གནས་སྤུས་རྟགས་གཏོད་དགོས། གྲོང་ཁྱེར་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བརྒྱུད་རིམ་ལྡན་པའི་འཆར་འགོད་མཐའ་འཁྱོངས་བྱེད་པ། མི་རྩ་བར་འཛིན་རྒྱུ་མངོན་གསལ་དོད་དུ་གཏོང་བ། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་པ། གྲོང་ཁྱེར་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་གྱི་བར་མཐོངས་ནུས་པར་མཐོང་ཆེན་བྱེད་པ་དང་། ས་སྟེང་དང་ས་འོག་ལ་སྤྱི་འདོམས་བྱེད་པ། གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་རྙིང་པ་སྒྱུར་བཀོད་ལེགས་གཏོང་དང་གནའ་གྲོང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་གནས་འཕྲོད་ལས་འཚམ་དང་རིག་གནས་ཀྱི་རྨང་གཞི་ཟབ་པའི་དེང་རབས་ཅན་གྱི་ལྷ་ས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་བཙུགས་ནས་བློ་བརྟན་འགྱུར་མེད་ངང་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་དང་། དབྱེ་ཞིབ། ཐག་གཅོད་བཅས་བྱེད་པ་དང་། མི་སེར་གྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། མང་ཚོགས་ཀྱིས་འགྱུར་ལྡོག་མཐོང་ཐུབ་པ་དང་ཕན་པ་དངོས་ཐོབ་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས། སྣེ་ཁྲིད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དོན་འཁྱོལ་ནན་པོ་བྱེད་པ། སྐྱེ་ཁམས་ཀྱིས་དམངས་ལ་ཕན་པ་དང་། སྐྱེ་ཁམས་ཀྱིས་དམངས་ལ་སྟབས་བདེ་སྐྲུན་པ། དམངས་ཆེད་སྐྱེ་ཁམས་སྲུང་བ་བཅས་མཐའ་འཁྱོངས་བྱེད་པ། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་དང་ཚན་རིག་དང་མཐུན་པའི་ངང་སྔོ་འགྱུར་མཐའ་འཁྱོངས་བྱེད་པ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་ནན་ཏན་བྱེད་པ། ཞིང་འབྲོག་མང་ཚོགས་ནགས་བཟོ་སྔོ་འགྱུར་ནང་ཞུགས་རྒྱུར་སྐུལ་སློང་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་སྐྱེ་ཁམས་དང་ཡོང་འབབ“གཉིས་འཕར”དང་ལྗང་མདོག་དང་འཕེལ་རྒྱས“གཉིས་ཕན”ཡོང་བར་བྱེད་དགོས། དམག་སྲིད་དམག་དམངས་མཐུན་སྒྲིལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ལྷ་སའི་ལས་དོན་དེ་མཐའ་དར་མཐའ་སྲུང་དང་མཐའ་སྟོབས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་སྤྱི་འདོམས་འཆར་འགོད་བྱེད་པ་དང་། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་སྲུང་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ། གཉིས་བཀུར་མཉམ་སྐྲུན་གྱི་བྱེད་སྒོ་ཏན་ཏིག་སྤེལ་བ་བཅས་བྱས་ནས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།
  ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་བློ་བརྟན་འགྱུར་མེད་ངང་མཐོ་རུ་བཏང་སྟེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་དང་། ཤེས་ལྡན་ལས་བྱེད་པའི་དཔུང་ཁག སྒྲིག་ཁྲིམས་སྤྱོད་ཚུལ་བཅས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི་སྟོན་ཕྱོགས་གསལ་པོ་འཛུགས་པ། “གཞི་རིམ་དུ་སྐྱོད་པ་བཞིའི”སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། གཞི་རིམ་དང་མང་ཚོགས་ཁྲོད་ཟབ་འཇུག་བྱེད་པ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་པ་བཅས་བྱས་ཏེ“དམིགས་པ་ལྔ”སོགས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་མི་སེམས་གཅིག་སྒྲིལ་དངོས་འབྲེལ་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཏེ“དབྱེ་བ་འབྱེད་པ་གསུམ”དོན་འཁྱོལ་ནན་པོ་བྱས་ནས་སེམས་རྣལ་ལ་ཕབ་པ་དང་ཤུགས་སྐྱེད་ལས་སྒྲུབ་ཀྱི་རྣམ་པ་བཟང་པོ་གཏོད་དགོས། རིམ་ཁག་ལས་བྱེད་པས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འདུ་ཤེས་གསར་བརྗེས་བྱེད་པ། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་ལ་དམ་འཛིན་དང་གསར་གཏོད་རང་བཞིན་གྱིས་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཐོག ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་དགོས།