ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཅུན་ཀྲེང་ལྷོ་ཁའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

སྤེལ་དུས 2025-01-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ལྷོ་ཁའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
  བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ནུས་ཤུགས་ཡོད་རྒུས“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
  ཚེས་20ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ལྷོ་ཁའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བསམ་བློའི་འདུ་ཤེས་གསར་བརྗེས་དང་། ལས་ཀའི་འགག་གནད་སྒྲོལ་ས་གནད་འཁེལ་འཚོལ་བ། ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས། ནུས་ཤུགས་ཡོད་རྒུས“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ནས། ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
  ལའེ་ཅའོ་དང་། ཀུང་ཧུའེ་ཚའེ། ཅང་ཝུན་ཕེང་། ཞུས་ཁྲེང་ཚང་། འཇམ་དཔལ། ཚེ་རིང་ཕུན་ཚོགས་བཅས་ཞུགས་ཡོད།
  གྲོས་ཞིབ་གནང་རིང་། ལི་ཧྥུའུ་ཀྲུང་དང་། ལི་ཉིང་། ཉི་མ་ཚེ་རིང་། ཝང་ཏེ་ཝུན། སྒྲོལ་མ། ལུའུ་ཞུས་ཁྲའོ། པད་མ་ལྷ་མོ་བཅས་འཐུས་མི་བདུན་གྱིས་སྔ་རྗེས་སུ་གཏམ་བཤད་གནང་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་། གྲོང་ཁྱེར་ལ་འཆར་འགོད་འཛུགས་སྐྲུན་བྱེད་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བ་སོགས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་གནང་ཞིང་། ཝང་ཅུན་ཀྲེང་གིས་གཏམ་བཤད་ནན་ཏན་ངང་གསན་རྗེས་ཚང་མ་དང་སྤེལ་རེས་གནང་བ་རེད། 
  ཝང་ཅུན་ཀྲེང་གིས་གསུངས་དོན། བློ་མཐུན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་ནང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཁྱབ་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་མངོན་ནས། གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་དང་། དམིགས་ཚད་གཏན་འཁེལ་བྱས་པ་བརྟན་ཐོག་ཡར་འཕེལ། ལས་དོན་བཀོད་སྒྲིག་བྱས་པ་ཏན་ཏིག་ནུས་ལྡན་བྱུང་བ་བཅས་དང་། རང་སྐྱོང་ལྗོངས་ཀྱི“ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་གྱི་ནང་དོན་ཧྲིལ་པོར་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྱབ་པ་དེ། བོད་ཀྱི་དོན་དངོས་དང་མཐུན་པས་རྦད་དེ་མོས་མཐུན་ཡོད།
  ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྷོ་ཁ་ནི་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་དང་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་འགོ་འཛུགས་ས་ཡིན་པས། བོད་ཀྱི་ལོ་རྒྱུས་ཐོག་གི“ཨང་དང་པོ”མང་པོ་བཏོད་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྔ་ཕྱི་བར་གསུམ་དུ་ལྷོ་ཁའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པས། ལྷོ་ཁ་གྲོང་ཁྱེར་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། བསམ་བློའི་འདུ་ཤེས་གསར་བརྗེས་བྱེད་པ། འཕེལ་རྒྱས་ཀྱི་འགག་གནད་སྒྲོལ་ས་གནད་འཁེལ་འཚོལ་བ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ལས་ཀའི་ཞན་ཆ་སེལ་བ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། དུས་བབ་གསར་པའི་འོག་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་རྒྱུན་ཆད་མེད་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
  ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། དངོས་དངོས་རྗེན་རྗེན་གྱི་ལས་ཀའི་ཕན་འབྲས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཏོན་གནང་བ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་གནང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སུ་ཧུར་ཐག་འགྱུར་བ་དང་། ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས།
  ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་འབུར་དུ་ཐོན་པ་དང་དོན་དངོས་ལ་གཞི་ཚུགས་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། འཆར་གཞི་མཐར་ཕྱིན་པ་འདིང་རྒྱུ་མཐའ་འཁྱོངས་དང་རྒྱུན་སྲིང་ལག་བསྟར་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ས་གནས་དེ་ག་དང་སྡེ་ཚན་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་ས་གནས་དེ་གའི་དོན་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་ནུས་ལྡན་ཧུར་ཐག་གྲུབ་པར་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཁག་དང་གཙོ་གནད་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས། རང་འགུལ་ངང་འདུ་ཤེས་གསར་བརྗེས་དང་མཐོང་རྒྱ་ཆེ་རུ་བཏང་ནས། དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྤྱི་ཚོགས་ཡར་ཐོན་གྱི་བླང་བྱ་དང་བསྟུན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཟབ་སྦྱོང་མཐིལ་རྟོགས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལ་ཁ་ལོ་སྒྱུར་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་བསམ་བློའི་བཅིངས་འགྲོལ་ཆེན་པོར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་རང་འགུལ་ངང་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་བཏང་ནས། མ་འཇོག་ནུས་ལྡན་རྒྱ་ཆེར་བཏང་སྟེ་དཔལ་འབྱོར་ལ་མིག་སྔར་གསོན་ཤུགས་རྒྱས་པ་དང་འབྱུང་འགྱུར་མི་མངོན་པའི་སྟོབས་ཤུགས་ལྡན་པར་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས། ལྷོ་ཁའི་འཕེལ་རྒྱས་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ་བསམ་གཞིག་དང་འཆར་འགོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ས་གནས་དེ་གའི་དོན་དངོས་ལ་གཞི་ཚུགས་པ་དང་དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། འཆར་འགོད་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཁྲོམ་ར་དང་སྲིད་གཞུང་གི་བྱེད་ནུས་བེད་སྤྱོད་ཡག་པོ་བཅས་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་གཏོང་དགོས། རྣམ་གྲངས་ནི་གནས་དང་། ཐོན་ལས་ནི་རྒྱུད། དཔལ་འབྱོར་ནི་ཁྱོན་བཅས་ཡིན་པ་མཐའ་འཁྱོངས་ཀྱིས་ལས་ཀའི་འགོ་འཛུགས་ས་དང་འགག་གནད་སྒྲོལ་ས་གནད་འཁེལ་འཚོལ་བ་དང་། ནུས་རྒྱུ་གཙང་མ་སོགས་ཀྱི་རྣམ་གྲངས་དང་ཐོན་ལས་ཀྱི་འཆར་འགོད་ལ་སྣང་ཆེན་བྱས་ཏེ་གཙོ་གནད་རྣམ་གྲངས་སྔ་ཙམ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་སྔ་ཙམ་ཕན་འབྲས་ཐོན་པར་བྱེད་དགོས། སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱི་ནང་གཉིས་ཀར་སྒོ་མོ་དབྱེ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྒྱུར་བཅོས་བཀོད་སྒྲིག་གི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་གཅིག་སྡུད་དམ་འཛིན་བྱེད་པ་དང་། སྒོ་དབྱེའི་ས་ཁོངས་གོ་རིམ་ལྡན་པའི་ངང་རྒྱ་སྐྱེད་བརྟན་པོ་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་དེ་བས་ལེགས་པའི་ངང་མཉམ་འདྲེས་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་སྔར་བས་ཆེ་རུ་གཏོང་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་མཐའ་འཁྱོངས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ལས་དོན་ཡོད་ཚད་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་གནས་བབ་ཨང་དང་པོར་བཞག་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་ཐུབ་པ་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ཤུགས་ཆེན་སྤེལ་ནས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཚན་རིག་དང་མཐུན་པའི་ངང་ལག་ལེན་བསྟར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་ལེགས་སུ་རྒྱུན་མཐུད་གཏོང་བ། སྲུང་སྐྱོང་ཁྲོད་འཕེལ་རྒྱས་ཡོང་བ་ཧུར་ཐག་དང་འཕེལ་རྒྱས་ཁྲོད་ཆུ་ཚད་དེ་བས་མཐོ་བའི་སྲུང་སྐྱོང་ཡོང་བར་བྱེད་དགོས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མཐའ་དར་དམངས་ཕྱུག་དང་མཐའ་བརྟན་མཐའ་སྲུང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ནས། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཧུར་ཐག་བཅས་བྱས་ཏེ་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བར་བྱེད་དགོས།
  ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ནམ་ཡང་ཚར་དུས་མེད་པའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་བསྲིང་ལྷོད་མེད་ངང་སྐུལ་འདེད་བཏང་ནས། ཡང་དག་པའི་སྲིད་སྐྱོང་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་ཕྱོགས་སྟོན་གསལ་པོ་བརྟན་པོར་བཙུགས་ཏེ། གཞུང་དྲང་ཚུལ་མཐུན་དེ་ལས་བྱེད་པའི་ལས་ཀའི་ལྟེ་བའི་འདུ་ཤེས་སུ་བརྩིས་ནས་མི་སྣ་འདེམས་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ལས་བྱེད་པས་སེམས་མཐུན་མཉམ་ལས་དང་ཤུགས་སྒྲིལ་ལས་སྒྲུབ་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་་འབད་འཐབ་ལྷོད་མེད་བྱེད་དགོས།