ཟླ་དང་པོའི་ཚེས25ཉིན། བོད་ལྗོངས་ཡོངས་ཀྱི“གཤམ་སྐྱོད་གསུམ་དང་གེགས་ཁུལ་དུ་སྐྱོད་པ་བཞིའི”དཔེ་སྟོན་བྱེད་སྒོ་དེ་དིང་རི་རྫོང་གྲམ་སོ་ཞང་ཟིང་དཀར་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་འཚོགས། བྱེད་སྒོ་འགོ་མ་ཚུགས་གོང་ལ། དེ་གར་ཡུལ་མི་མི་ཉུང་བ་ཞིག་འདུས་འདུག “ཕར་བལྟས་ན་ཡག་པོ་འདུག ད་དུང་ལག་རྟགས་ཆུང་ཆུང་མང་པོ་འདུག” “བྱེད་སྒོ་ད་དུང་འགོ་བཙུགས་མེད་ཀྱང་མི་ཧ་ཅང་མང་པོ་སླེབས་འདུག” “ཨ་ཁུ་མེ་གསོད་པ་ལགས། ཁྱེད་ཚོས་ང་ཚོ་བསྐྱབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”… ཚང་མས་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་ཡོད་པ་དང་། སྐད་ཆའི་ཁྲོད་ནས་རེ་སྒུག་ཆེན་པོ་བྱེད་པ་མངོན་བཞིན་ཡོད།
ལས་བྱེད་མི་སྣས་མང་ཚོགས་ལ་སྨན་རྫས་སྤྲོད་པ།
ཆུ་ཚོད11ཡས་མས་སུ་བྱེད་སྒོ་དངོས་སུ་འགོ་ཚུགས་པ་རེད། བོད་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་འབྲེལ་ཡོད་བློ་མཐུན་ཚོས་མང་ཚོགས་ལ་གཙོ་འཛིན་གྱི་འདྲ་པར་དང་། བརྙན་འཕྲིན། འཁོར་སྐར་བསྡུ་ལེན་སྒྲིག་ཆས། སྒྲ་སྡུད་འཕྲུལ་འཁོར། དཔེ་དེབ་སོགས་དངོས་ཟོག་སྤྲད་པ་རེད། མང་ཚོགས་ཀྱིས་རང་སོ་སོའི་དངོས་ཟོག་བླངས་ནས་དྲོ་སྐྱིད་ལྡན་པའི་ཁང་ཆུང་ནང་སྤོས་ནས། དུས་ཐོག་ཏུ་གཙོ་འཛིན་གྱི་སྐུ་པར་དེ་མངོན་གསལ་དོད་ཤོས་ཀྱི་གནས་ལ་བཀལ་ཞིང་མཇལ་དར་ཕུལ་ནས་ཏང་དང་རྒྱལ་ཁབ་ལ་དྲིན་ཚོར་གྱི་སེམས་པ་མཚོན་པ་བྱེད་བཞིན་ཡོད།
བོད་རང་སྐྱོང་ལྗོངས་གྱི“དྲིལ་བསྒྲགས་པ་ཕུལ་བྱུང་བཅུའི”གྲས་ཀྱི་ཉི་མ་ཚེ་རིང་གིས་དྲིལ་བསྒྲགས་བྱེད་པ།
“ད་ལྟ། ང་ཚོས་སེམས་སྡུག་བྱས་ནས་མ་བསྡད་པར། རྡོག་རྩ་གཅིག་སྒྲིལ་དང་བློ་སྟོབས་གཅིག་གྱུར་བྱས་ཏེ་གཞན་གྱིས་གནང་རྒྱུ་ཁོ་ནར་བརྟེན་ནས་མི་བསྡད་པར་ཉིན་རེ་བཞིན་འབད་བརྩོན་བྱས་ནས་འཚོ་བ་ཡག་པོ་སྐྱེལ་དགོས། དེ་ལྟར་བྱས་ན་ད་གཟོད་ཏང་དང་རྒྱལ་ཁབ་དང་། ཚེ་ལས་འདས་པའི་གཉེན་ཉེ་རྣམས་བློ་བདེ་བ་ཡོང་ཐུབ” དྲིལ་བསྒྲགས་ཀྱི་དུས་རིམ་ནང་བོད་རང་སྐྱོང་ལྗོངས་གྱི“དྲིལ་བསྒྲགས་པ་ཕུལ་བྱུང་བཅུའི”གྲས་ཀྱི་ཉི་མ་ཚེ་རིང་གིས་རང་ཉིད་དང་བླངས་པ་བྱས་པའི་བརྒྱུད་རིམ་དང་ཟུང་དུ་འབྲེལ་ནས་མང་ཚོགས་ཀྱིས་གོ་ཐུབ་པ་དང་གདུང་སེམས་མཉམ་བསྐྱེད་ཐུབ་པའི་སྐད་ཆ་ལ་བརྟེན་ནས། མང་ཚོགས་ཀྱིས་སྡུག་བསྔལ་སྟོབས་ཤུགས་སུ་འགྱུར་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། གཞན་གྱིས་གནང་རྒྱུར་སྒུག་ནས་མི་བསྡད་པར་ཁྱིམ་གཞིས་བསྐྱར་སྐྲུན་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱེད་དགོས་ཞེས་བཤད་པ་རེད།
ད་ལོ་ལོ83ལ་སླེབས་པའི་རྒད་པོ་བློ་བཟང་ནི་ཟིང་དཀར་གྲོང་ཚོའི་དགུང་ལོ་བགྲེས་ཤོས་དེ་ཡིན་ཞིང་། དྲིལ་བསྒྲགས་ལ་ཉན་རྗེས་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས“རྒད་པོ་ལོ་འདི་འདྲར་སླེབས་ཀྱང་ས་ཡོམ་ཁྲོད་མ་ཤི་བ་དང་། ད་དུང་འདི་འདྲའི་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པ་དེ་ནི་རྦད་དེ་གུང་ཁྲན་ཏང་གི་བཀའ་དྲིན་རང་ཡིན། ངས་བཀའ་དྲིན་དེ་བློ་ལ་བརྟན་པོར་ངེས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱེད་རྒྱུ་ཡིན”ཞེས་བཤད།
ལས་བྱེད་མི་སྣས་གྲོང་མིའི་རྨ་ཁར་སྨ་རས་དཀྲི་བ།
“སྨན་པ་ལགས། ཉེ་ལམ་མགོ་ཡུར་འཁོར་བས་ཁྲག་ཤེད་མཐོ་བས་ཡིན་ནམ” ལོ83ལ་སླེབས་པའི་ཡུལ་མི་བློ་བཟང་གིས་བྱེད་སྒོའི་ཁྲོད་སྨན་པ་ཞིག་གིས་འོས་འགན་སྨན་བཅོས་བྱེད་བཞིན་པ་ཤེས་ནས་མྱུར་དུ་སྨན་བཅོས་བྱེད་པར་ཡོང་།
སེམས་ཁམས་ཀྱི་རྒྱུ་རྐྱེན་ཡིན་སྲིད་པས། མུ་མཐུད་དུ་ཁྲག་ཤེད་དམའ་རུ་གཏོང་བའི་སྨན་བསྟེན་དགོས་པ་དང་། དུས་རྒྱུན་ངལ་གསོ་ཡག་པོ་རྒྱག་དགོས། འགུལ་སྐྱོད་བྱེད་སྐབས་ངེས་པར་དུ་ག་ལེར་བྱེད་དགོས། ཞེས་བློ་བཟང་གི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས། ཡུལ་དངོས་ཀྱི་སྨན་པས་ངང་རྒྱུད་རིང་པོའི་ངང་ལན་དེ་ལྟར་བརྒྱབ།
ནད་ལ་ལྟ་བ་དང་སྨན་རྫས་སྐྱེལ་བ་ཕུད། བྱེད་སྒོའི་ཡུལ་དངོས་སུ་ད་དུང་སྐོར་སྐྱོད་གྲོང་གསེབ་ཀྱི་ལོ་ཆུང་ཕོ་བྲང་བཙུགས་ནས་དང་བླངས་ངང་སྐྲ་བཞར་བ་དང་། མྱུར་སྐྱོབ་ཤེས་བྱ་ཁྱབ་གདལ་གཏོང་བ། སེམས་གསོ་གཏོང་བ། བྱིས་པར་རོགས་པ་བྱེད་པ་སོགས་དཔལ་ཡོན་ལག་ལེན་བསྟར་བའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཏེ་དང་བླངས་ཞབས་ཞུ་དེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་ཡིད་ཆེས་སྔར་བས་བརྟན་པོ་ཡོང་བ་བྱས་ཡོད།
ལས་བྱེད་མི་སྣས་གྲོགས་པོ་ཆུང་ཆུང་གི་སྐྲ་བཞར་བ།
ཡུལ་དངོས་སུ། མི་ཆེས་མང་ཤོས་འདུས་ས་ནི་དང་བླངས་སྐྲ་བཞག་ཞབས་ཞུའི་ཁུལ་ཡིན། འདི་རུ་གེགས་ཁུལ་གྱི་མང་ཚོགས་ཚོ་གྲལ་སྟར་རིང་པོ་བསྒྲིགས་ཡོད་པ་དང་། ལྷག་པར་དུ་བྱིས་པ་རྣམས་ཀྱིས་རང་ཉིད་ཀྱིས་དགའ་པོ་བྱེད་པའི་སྐྲའི་བཟོ་ལྟ་བཟོ་གི་ཡོད། ད་ལོ་དམའ་གསུམ་ཡིན་པའི་སློབ་མ་ལྷག་པས་གསར་འགོད་པར་བཤད་རྒྱུར། “སྐྲ་རིང་པོ་སྐྱེས་ན་བདག་བྱེད་དཀའ། ད་ལྟ་སྐྲ་བཞར་བས་རྫིག་པོ་ཆགས་སོང་། འཚོ་བ་གསར་བ་ནི་མགོ་ནས་མགོ་བརྩམས་དགོས”
ཉིན་གུང་ལ་སླེབས་སྐབས་བྱེད་སྒོ་ཡང་མཇུག་བསྒྲིལ་བ་རེད། ཚང་མས་སྐེ་དར་དམར་པོ་དང་འཕྲོད་བསྟེན་མཁོ་ཆས། ཡིག་ཆས་སྒམ་སོགས་ལག་རྟགས་ཆུང་ཆུང་སྣ་ཚོགས་འཁྱེར་ནས་དགའ་ཚོར་ཆེན་པོའི་ངང་ཁྱིམ་ལ་ལོག་བཞིན་མཆིས།
ལས་དོན་མི་སྣས་དྲིལ་བསྒྲགས་ཡིག་ཆ་སྤྲོད་བཞིན་པ།
“རྒན་ཉི་མ་ཚེ་རིང་གིས་གསུང་པ་བཞིན་དཀའ་ངལ་ལ་རྫོགས་པའི་དུས་ཤིག་ཡོད”ཏང་དང་རྒྱལ་ཁབ་ཀྱི་རྒྱབ་རྟེན་ཡོད་པས་ང་ཚོའི་འཚོ་བ་དེ་བས་ལེགས་པ་སྐྱེལ་ཐུབ་རྒྱུ་དང་། མང་ཚོགས་ཀྱི་འཛུམ་མདངས་དེ་མྱུར་དུ་འཕྱུར་རྒྱུ་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད” ཅེས་དིང་རི་རྫོང་གྲམ་སོ་ཞང་ཟིང་དཀར་གྲོང་ཚོའི་ཏང་ཀྲི་ཧྲུའུ་ཅི་པ་སངས་ཀྱིས་བློ་བརྟན་འགྱུར་མེད་ངང་བཤད།
བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་དཔལ་ཡོན་ལག་ལེན་གསོ་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་ཕུ་བསྟན་གྱིས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་བརྒྱུད་རིམ་ནང་དུ། དྲིལ་བསྒྲགས་རིག་གནས་འཐབ་ཕྱོགས་ཀྱིས་ཐོན་ཁུངས་སྟོབས་ཤུགས་སྔར་བས་གཅིག་གྱུར་འཆར་འགོད་བྱས་ཏེ་དྲིན་ཚོར་སློབ་གསོ་དང་། བརྗོད་དོན་གཙོ་བོའི་སྒྲོག་འགྲེལ། རིག་གནས་དམངས་ཕན། ཤེལ་དཔལ་ལག་ལེན་བཅས་ཀྱི་གནོད་འཚེ་ཕོག་ཁུལ་དུ་སྐྱོད་པ་བཞིའི་བྱེད་སྒོ་མུ་མཐུད་སྤེལ་བ་དང་། སྐོར་སྐྱོད་དཔལ་ཡོན་ལག་ལེན་བྱེད་གནས་འཛུགས་པ། དང་བླངས་པ་རྒྱ་ཁྱབ་ངང་སྒྲིག་འཛུགས་བྱས་ནས་མང་ཚོགས་དང་ཐག་ཉེ་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་དཔལ་ཡོན་ལག་ལེན་གྱི་དང་བླངས་ཞབས་ཞུ་སྤེལ་བ། “དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས”བཅས་ཀྱི་བྱ་སྤྱོད་རྒྱུན་མཐུད་དུ་གཏིང་ཟབ་ངང་སྤེལ་རྒྱུ་རེད་ཅེས་བརྗོད།