ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སློབ་གྲྭ་ཆེ་བའི་ཆེ་རབས་ལས། ལང་ཚོའི་གཟི་དཔལ་རྒྱས་ལུགས་བརྗོད།

སྤེལ་དུས 2025-02-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       རྩོམ་སྒྲིག་པའི་མཆན། ཟླ2པའི་ཚེས7ནས་ཟླ2པའི་ཚེས19ཉིན་བར། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་སྒར་རྫོང་དང་། སྤུ་ཧྲེང་རྫོང་། རུ་ཐོག་རྫོང་། རྩ་མདའ་རྫོང་བཅས་མཐའ་མཚམས་རྫོང4ཡི་སློབ་འབྲིང་སློབ་མ26དགེ་རྒན5ཡི་སྣེ་ཁྲིད་འོག པེ་ཅིང་དུ་བསྐྱོད་ནས“མཐའ་མཚམས་ནས་ལམ་ལ་ཆས། ཅིང་ཧྭ་ཡི་ཕུགས་འདུན་གཏོད”ཅེས་པ་བརྗོད་དོན་གཙོ་བོའི་ལྟ་སྐོར་སློབ་སྦྱོང་གི་བྱེད་སྒོར་ཞུགས་པར་བསྐྱོད་ནས། རྒྱལ་དར་སྒྲེང་བར་ལྟ་བ་དང་། ལྕགས་རི་རིང་པོར་འཛེགས་པ། མཐོ་རིམ་སློབ་གྲྭར་བསྐྱོད་པ་བཅས་བྱས་ཤིང་། འདི་ནི་ཕུགས་འདུན་མངོན་འགྱུར་བྱེད་འགོ་ཚུགས་པའི་ཡུལ་སྐོར་ཞིག་རེད་ལ། གཞོན་ནུ་ལོ་ཆུང་གིས་མེས་རྒྱལ་གྱི་ས་ཕྱོགས་གང་སར་ཤེས་རྟོགས་བྱེད་པ་ཞིག་ཀྱང་རེད།
       “རང་ཉིད་ཀྱི་ལང་ཚོར་བརྟེན་ནས། ཚ་སོབ་སོབ་ཀྱི་ཁྱིམ་ཚང་དང་། སྟོབས་འབྱོར་ལྡན་པའི་རྒྱལ་ཁབ། གསོན་ཤུགས་འཕེལ་བའི་མི་རིགས། འབྱུང་འཕྲོད་ཀྱི་སའི་གོ་ལ། འཇམས་ཀླད་པའི་འཇིག་རྟེན་བཅས་གསར་སྐྲུན་བྱས་ཏེ། ཡོད་ཚད་བློས་གཏོང་དང་ལེགས་སྐྱེས་ཕུལ་ཏེ། མི་ཚེའི་རིན་ཐང་མངོན་དུ་འགྱུར་བ་བྱེད་དགོས”
       1916ལོར། པེ་ཅིང་སློབ་ཆེན་དཔེ་མཛོད་ཁང་གི་ཀྲུའུ་རེན་དང་ཀྲུང་གོའི་མར་ཁེ་སི་རིང་ལུགས་པ་སྔ་ཤོས་ཀྱི་གྲས་སུ་གཏོགས་པའི་ལི་ཏ་ཀྲའོ་ཡིས《ལང་ཚོ》ཞེས་བྱ་བའི་རྩོམ་ཡིག་སྤེལ་ནས། ལང་ཚོའི་སྟོབས་ཤུགས་ནི་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན་པར་བསྔགས་བརྗོད་ཚད་མེད་བྱས་ཁར། མཐོ་རིམ་སློབ་ཆེན་འདི་ཉིད་ཀྱི་ལས་དབང་རང་རེའི་མེས་རྒྱལ་གྱི་དར་རྒུད་དང་འབྲེལ་བ་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་པེ་ཅིང་སློབ་གྲྭ་ཆེན་མོ་ནམ་ཡང་མི་ནུབ་པར་གནས་སྲིད་པ་དང་། པེ་ཅིང་སློབ་གྲྭ་ཆེན་མོ་ནི་ལོ་ངོ་མང་པོའི་དྲག་ཆར་རླུང་འཚུབ་བརྒྱུད་མྱོང་བའི་ཀྲུང་ཧྭའི་བསམ་པའི་ཁྱིམ་གཞིས་ཆེན་མོ་ཡིན་པ་དང་། ཀྲུང་ཧྭའི་སློབ་གཉེར་བ་ཁྲི་སྟོང་མང་པོའི་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་སུ་གྱུར་ལུགས་ཀྱང་བརྗོད་ཡོད།
       ལང་ཚོའི་གཟི་དཔལ་མ་སྒྲོག་རང་དགར་རྒྱས། ཟླ2པའི་ཚེས13ཉིན། པེ་ཅིང་སློབ་གྲྭ་ཆེན་མོར་ཐག་རིང་གི་སྐུ་མགྲོན་ཆུང་ཆུང་ཁྱུ་ཞིག་འབྱོར་ཡོད་དེ། མེས་རྒྱལ་གྱི་མཐའ་མཚམས་དང་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་མཐའ་མཚམས་རྫོང་ནས་ཡོང་བའི་དམའ་རིམ་སློབ་འབྲིང་གི་གཞོན་ནུ26ཡིན་པ་རེད། “མཐའ་མཚམས་ནས་ལམ་ལ་ཆས། ཅིང་ཧྭ་ཡི་ཕུགས་འདུན་གཏོད”ཅེས་པའི་ཞིབ་འཇུག་སློབ་ཚོགས་ཀྱི་ཁོངས་མི་ཡིན་པའི་ཁོང་ཚོས་རི་ཀླུང་མང་པོ་བརྒལ་ནས། རང་ཉིད་ཀྱི་སྤྱི་གཙུག་སུ་བཀུར་འོས་པའི་སློབ་གླིང་ལ་སླེབས་ཡོད།
       ད་ལྟ་ད་དུང་སློབ་འགོ་ཚུགས་མེད་པས། སློབ་རའི་ནང་སྔར་མུས་བཞིན་ཁ་ཁུ་སིམ་བུར་གནས། འོས་མིང་མཚེའུ་ཡི་ངོགས་སུ་དར་སྲབ་ཕྲ་མོས་གཡོགས་པ་དང་དེ་ལས་དངུལ་འོད་ཆེམ་ཆེམ་འཕྲོ་བར་བྱེད།ལིའོ་རྒྱལ་རབས་ཀྱི་དབྱེན་ལྡུམ་མཆོད་རྟེན་དང་དཔེ་དེབ་ཁྲི733ཉར་ཚགས་བྱས་ཡོད་པའི་དཔེ་མཛོད་ཁང་དང“མཆོད་རྟེན་དང་མཚེའུ”ཕན་ཚུན་གཅིག་ལ་གཅིག་རྒྱན་དུ་སྣང་སྟེ་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་གྲུབ་ཡོད།  
2025ལོའི་ཟླ2པའི་ཚེས13ཉིན། བོད་ལྗོངས་མངས་རིས་ས་ཁུལ་གྱི་མཐའ་མཚམས་རྫོང་ནས་ཡོང་བའི་དགེ་སློབ31པེ་ཅིང་སློབ་གྲྭ་ཆེན་མོར་ལྟ་སྐོར་བྱེད་བཞིན་པ།
       “འདི་ཡི་ལྟ་ན་སྡུག་པའི་ཐོག་ཁང་ཆེན་མོ་དང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱིས་ངའི་ཡིད་ལ་ཟད་མི་ཤེས་པའི་ཚོར་སྣང་སྦྱིན་བྱུང་། དགེ་རྒན་ལགས་རྣམ་པས་སྐུ་ལས་མང་པོ་སྐྱོན་ཡོད་པ་ཁོ་ཐག་ཡིན། ངས་ཀྱང་སྔར་ལས་ལྷག་པའི་སྒོ་ནས་འབད་བརྩོན་ལྷོད་མེད་བྱེད་ངེས་ཡིན”རུ་ཐོག་རྫོང་ལ་ལོ་དགུའི་རྒན་བབ་ལམ་ལུགས་ཀྱི་སློབ་གྲྭའི་ལོ་རིམ་བདུན་པའི་སློབ་མ་དབང་བསྟན་ལྷ་མོའི་ལྷན་སྐྱེས་ཀྱི་བྱིས་བློ་ཡལ་མེད་ནའང་རང་ལ་རང་ཉིད་ཀྱི་ཕུགས་འདུན་དགའ་རབ་མངའ་ཡོད།
       སློབ་གྲྭའི་ལོ་རྒྱུས་ཁང་དུ་བོད་ལྗོངས་ཀྱི་གཞོན་ནུ་ཚོས་སློབ་ཁང་གྲགས་ཅན་དེའི་ལོ་རྒྱུས་ཀྱི་འཕེལ་འགྱུར་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཐོག་མར་ཤེས་རྟོགས་བྱས་པ་དང་། ཚགས་པར་དང་། དུས་དེབ། འདྲ་པར་རྙིང་པ། དངོས་རྫས་རྩ་ཆེན། སྒྲ་བརྙན་གྱི་རྒྱུ་ཆ་སོགས་པེ་ཅིང་སློབ་ཆེན་གྱི་ལོ་བརྒྱའི་རིང་གི་དྲན་ཤེས་ཉར་བའི་དཔེ་མཛོད་ཁང་མངོན་སུམ་དུ་མཐོང་།
       “པེ་ཅིང་སློབ་གྲྭ་ཆེན་མོར་མིང་འབོད་སྟངས་མང་པོ་འདི་འདྲ་ཡོད་པ་རེད་ཨང”“མའོ་ཀྲུའུ་ཞི་ལགས་ཀྱང་པེ་ཅིང་སློབ་ཆེན་དུ་ཕྱག་ལས་གནང་མྱོང་ཡོད་པ་རེད་དམ”“མ་གཞི་པེ་ཅིང་སློབ་གྲྭ་ཆེན་མོ་ནི་ཉེ་རབས་སུ་ཕོ་མོ་འདྲ་མཉམ་ངང་སློབ་གྲྭར་འགྲོ་མཉམ་གྱི་འགོ་འཛུགས་ས་དེ་ཡིན་པ་རེད” སློབ་མ་ཚོ་པེ་ཅིང་སློབ་གྲྭ་ཆེན་མོར་དད་ཞེན་ཇེ་ཆེར་འགྲོ་བཞིན་ཡོད།
2025ལོའི་ཟླ2པའི་ཚེས13ཉིན། བོད་ལྗོངས་མངའ་རིས་ས་ཁུལ་གྱི་མཐའ་མཚམས་རྫོང་ནས་ཡོང་བའི་དགེ་སློབ31གིས་པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་གྲྭའི་ལོ་རྒྱུས་ཁང་དུ་མཉམ་འགུལ་རྣམ་གྲངས་ཉམས་ལེན་བྱེད་བཞིན་པ།
       རང་རྒྱལ་གྱི་རྩེར་སོན་གྱི་སློབ་ཆེན་ཡིན་པའི་ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་གཉིས་དབར་ལ་བར་ཐག་རིང་པོ་དེ་ཙམ་མེད། 
       “རང་སྟོབས་རང་འཕེལ་གྱིས་བློ་གཤོགས་ཡངས་པོར་སྐྱེད” རུ་ཐོག་རྫོང་གི་ལོ་དགུའི་རྒན་འབབ་ལམ་ལུགས་ཀྱི་སློབ་གྲྭའི་སློབ་མ་བཀྲ་ཤིས་མཚོ་མོས་རླངས་འཁོར་ཆིང་ཧྭ་སློབ་ཆེན་དུ་རྒྱལ་སྒོའི་ནང་དལ་བུར་འཛུལ་བ་དང་བསྟུན་ནས། གཞོགས་གཉིས་སུ་བཀལ་བའི་སྒོ་བྱང་ཐོག་གི་ཡིག་འབྲུ་རེ་རེ་བཞིན་ཀློག་བཞིན་ཡོད། 1911ལོར་སློབ་གྲྭ་བཙུགས་པ་དང་། སྔོན་ཆད་ཆིང་ཧྭ་སློབ་ཁང་ཡིན་པའི་ཆིང་ཧྭ་སློབ་ཆེན་དེ་ཉིད་སློབ་གྲོགས་ཚོས་རེ་སྒུག་བྱེད་ས་དང་ཕུགས་འདུན་མངོན་དུ་འགྱུར་སའི་སློབ་གྲྭ་ཞིག་རེད། གནའ་བོའི་ཉམས་འགྱུར་དང་དབེན་འཇམ་གྱི་པེ་ཅིང་སློབ་ཆེན་དང་བསྡུར་ན། ཆིང་ཧྭ་སློབ་ཆེན་ནས་དེ་བས་གཟབ་གྲུང་དང་སྒམ་ནན་གྱི་རྣམ་པ་ཞིག་མངོན་འོང་། སྐྱེ་བོ་ལ་ལས“ལྕགས་ཕག་ལོའི་སྐྱིན་ཚབ་དང་ཨ་རིར་གྲ་སྒྲིག་སློབ་སྦྱོང་དུ་སྐྱོད་པའི་སློབ་གྲྭའི་ལོ་རྒྱུས་ལས། ཆིང་ཧྭ་སློབ་ཆེན་ལ་རྒྱལ་ཁབ་ཀྱི་མཚན་སྙན་གྱི་དོན་དུ་བཀའ་གསུང་ཅི་སྒྲུབ་ཞུ་བའི་ཤེས་ཡོན་ཅན་གྱི་སྙིང་སྟོབས་སློབ་གྲྭ་གཞན་དག་ལས་ལྷག་པ་མ་ཉམས་རྒྱུན་འཛིན་ཐུབ་པར་བྱས་ཡོད”ཅེས་གདེང་འཇོག་ཆེན་པོ་བྱས། 
       བོད་ལྗོངས་ཀྱི་གཞོན་ནུ་ཆིང་ཧྭ་སློབ་ཆེན་དུ་བསྐྱོད་པའི་གོམ་སྟབས་དང་པོ་ནི་སློབ་གྲྭའི་ལོ་རྒྱུས་ཁང་དང་ཆིང་ཧྭ་སློབ་ཆེན་གསར་པའི་སློབ་ཁང་ཡིན་པ་རེད། སློབ་གྲྭའི་ལོ་རྒྱུས་ཁང་གི་འགྲེམས་སྟོན་ཁུལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3000ཟིན་པ་དང་། ཁྱོན་བསྡོམས་ཐོག་བརྩེགས་གསུམ་དུ་དབྱེ་ཡོད། ཐོག་བརྩེགས་དང་པོ་ནི་མཉམ་སྤྱོད་ཚོམས་ཆེན་དང་། གླེང་གཞིའི་ཚོམས་ཆེན། སྨྱན་མང་འཁྲབ་སྟོན་ཚོམས་ཆེན། དེ་བཞིན་སྨི་གྲུ་བཞི་མ1000ཡི“ལོ་བརྒྱའི་ཆིང་ཧྭ”འགྲེམས་སྟོན་ཚོམས་ཆེན་བཅས་ཡིན་པ་དང་། ད་ཐེངས་ཀྱི་ཞིབ་འཇུག་སློབ་ཚོགས་ལྟ་སྐོར་བྱེད་སའི་ས་ཁོངས་གཙོ་བོ་ཞིག་ཀྱང་རེད། སློབ་གྲོགས་ཚོས་འདིར་ཆིང་ཧྭ་སློབ་ཆེན་ཇི་ལྟར་བྱས་ནས་བཙུགས་པ་དང་། སྔོན་ཆད་ཆིང་ཧྭ་སློབ་གྲྭ་དང་ཆིང་ཧྭ་སློབ་གྲྭ་དེ་ཨ་རིར་སློབ་སྦྱོང་དུ་སྐྱོད་སའི་གྲ་སྒྲིག་སློབ་གྲྭར་བརྩིས་པའི་རྒྱུ་མཚན་དང་དེ་བཞིན1928ལོར་རྒྱལ་བཙུགས་ཆིང་ཧྭ་སློབ་ཆེན་དུ་མིང་བསྒྱུར་ནས་ད་ལྟའི་བར་འཕེལ་རྒྱས་བྱུང་བའི་ལོ་བརྒྱའི་བརྒྱུད་རིམ་ཤེས་རྟོགས་བྱས། སློབ་གྲྭའི་ལོ་རྒྱུས་ཁང་དུ་ད་དུང་སློབ་དཔོན་མང་པོའི་རྩ་ཆེའི་ལོ་རྒྱུས་བཀོད་ཡོད་པ་སྟེ། ཚའོ་ཡུས་དང་། དབྱང་ཀྲེན་ཉིན། ལི་ཀྲེང་ཏའོ། ཆན་ཞུའེ་སེན། ཆན་ཝུའེ་ཁྲང་། ཆན་སན་ཆང་སོགས་སློབ་དཔོན་གྱི་སློབ་གནས་བྱང་བུ་དང་། སྦྱངས་འབྲས་ཤོག་བྱང་། དྲིས་དེབ། ཚོད་ལྟའི་སྙན་ཞུ། སློབ་དེབ་སོགས་ཚུད་ཡོད། སློབ་དེབ་ཏུ་མངོན་པའི་མཚན་ཐོ་འདི་དག་འདི་ནས་ཆུ་བུར་མིག་གི་སྤྱོད་ཡུལ་དུ་གྱུར་ཡོད། ན་གཞོན་རྣམས་ཀྱིས་ཕར་ཚུར་བལྟས་ནས་བགད་མོ་དགོད་པར་བྱེད། སློབ་དཔོན་དང་ཚན་རིག་པ་རྣམས་ཀྱིས་ཀྱང་འབད་བརྩོན་ཧུར་ཐག་བྱེད་དགོས་ད་གཟོད་རྟོགས་པ་དང་། རྒྱུགས་ཤོག་རྒྱོང་བ་དང་ཚོད་ལྟ་ལྟ་བ། སྦྱངས་འབྲས་ཀྱི་དོན་དུ་སེམས་ཁྲལ་ཡང་སྐྱེས་སྲིད། འོན་ཀྱང་ཁོང་ཚོ་ཆིང་ཧྭ་སློབ་ཆེན་དུ་འཚར་ལོངས་བྱུང་སྟེ། མཐར་རྒྱལ་ཁབ་ཀྱི་སྲོག་ཤིང་དུ་གྱུར་པའི་བྱས་རྗེས་དེས་གཞོན་ནུ་རྣམས་ལ་རྒྱུན་ཆད་མེད་པར་ཡར་རྒྱས་ཡོང་བ་དང་གནམ་ས་གསར་པ་འཚོལ་ཞིབ་བྱེད་པར་སྐུལ་མ་གཏོང་བཞིན་ཡོད། 
2025ལོའི་ཟླ2པའི་ཚེས13ཉིན། བོད་ལྗོངས་མངའ་རིས་ས་ཁུལ་གྱི་མཐའ་མཚམས་རྫོང་ནས་ཡོང་བའི་དགེ་སློབ31གིས་ཆིང་ཧྭ་སློབ་ཆེན་གྱི་རྒྱལ་སྒོ་གཉིས་པ་ནས་མཉམ་པར་རྒྱག་བཞིན་པ།
       རུ་ཐོག་རྫོང་གི་ལོ་དགུའི་རྒྱུན་མཐུད་ལམ་ལུགས་ཀྱི་སློབ་གྲྭའི་སློབ་མ་སྲི་ཆོད་ཕུན་ཚོགས་དང་ཡོན་ཏན་ནོར་བུར་ཕུགས་འདུན་གཅིག་མཚུངས་སུ་མངའ་བ་སྟེ། “ཆིང་ཧྭ་སློབ་ཆེན་དེ་འདྲའི་མཛེས་པ་ལ། ང་ཆིན་ཧྭ་སློབ་ཆེན་གྱི་སློབ་མ་བྱེད་སྙིང་འདོད་བྱུང”ཞེས་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད།
       ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་ནི་ཀྲུང་གོའི་མཐོ་སློབ་གྱི“རྩེ་ཕུད”ཡིན་པའི་ཆ་ནས། མི་རིགས་བསྐྱར་དར་དང་རྒྱལ་ཁབ་སྟོབས་ཆེན་ཡོང་བར་རྒྱུན་ཆད་མེད་པར་གཞོགས་འདེགས་དང་ནུས་པ་འདོན་བཞིན་ཡོད། སློབ་གྲྭ་ཆེན་མོའི་ཆེ་བའི་ཆེ་རབས་བརྗོད་དུས། ཐོག་བརྩེགས་ཁང་ཆེན་ཡོད་པ་ཙམ་ལ་མི་གོ་བར། སྒོ་ཀུན་ནས་ཤེས་ཡོན་གྱིས་བྱུར་བུར་གཏམས་པར་གོ་བ་ཡིན”ཞེས་ཆིང་ཧྭ་སློབ་ཆེན་གྱི་སློབ་གཙོ་ཟུར་པ་སྐུ་ཞབས་མེ་དབྱི་ཆིས་དེ་ལྟར་དཔྱད་པ་བཏང་བ་རེད། སློབ་ཆེན་གྱི་ཆེ་བའི་ཆེ་རབས་ནི་ད་དུང་དེའི་ལོ་རྒྱུས་དང་སློབ་མ་བཅས་ལ་ཐུག་ཡོད། དེའི་དཔེ་མཚོན་དུ་གྱུར་བའི་སྟོབས་ཤུགས། རེ་བའི་འོད་སྣང་བཅས་ལ་ཐུག་ཡོད། ཉིན་གཅིག་གི་སློབ་སྦྱོང་འཚམས་འདྲིའི་བྱེད་སྒོའི་དུས་ཚོད་ཐུང་ཐུང་ཡིན་པ་དང་། བོད་ཕྲུག་ཚོས་པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་གྱི་མཚོན་དོན་ཡོངས་རྫོགས་ལ་གོ་བ་རྦད་དེ་ལེན་ཐུབ་ཀྱི་མེད་ཀྱང་། ཁོ་ཚོའི་སེམས་དབུས་སུ་རེ་བའི་ས་བོན་བཏབ་པ་དང་རིང་པོར་མི་ཐོགས་པར་ལང་ཚོའི་གསོན་ཤུགས་རྒྱས་ངེས་ཡིན།