ཐོག་མའི་བསམ་འདུན་སྲུང་ནས་རིག་གནས་རྒྱུན་འཛིན་གྱི་“ཟམ་པ”བྱེད་པའི་དབང་འདུས་ཚེ་རིང་ལགས།
སྤེལ་དུས 2020-04-30
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལོ་རྒྱུས་ཐོག་གི“ཞོལ་འདོད་དཔལ”འདིས་1640ལོ་ནས་བཟུང་ཕོ་བྲང་པོ་ཏ་ལ་བསྐྱར་བཞེངས་བྱས་པ་དང་བསྟུན་ནས་བོད་ལྗོངས་ཀྱི་ལག་ཤེས་བཟོ་རྩལ་གྱི་ཆུ་ཚད་མཐོ་ཤོས་མཚོན་གྱི་ཡོད་ཅིང་། “ཞོལ་འདོད་དཔལ་གྱིས་བཟོས”ཞེས་བཀོད་པའི་སྒྱུ་རྩལ་ཐོན་རྫས་དེ་དག་གིས་“ཞོལ་འདོད་དཔལ”གྱི་འདས་ཟིན་པའི་འོད་སྟོང་འབར་བའི་རྣམ་པ་བརྗོད་ཀྱི་ཡོད། ད་ལྟའི“ཞོལ་འདོད་དཔལ”གྱིས་བོད་ལྗོངས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས་འབད་པ་ཆེན་པོས་མི་རབས་ནས་མི་རབས་བར་གྱི་རིག་གནས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་བཞིན་ཡོད། ཆུ་མིག་ལམ་དུ་དཀྱོགས་པ་ཙམ་གྱི་ལམ་མདོ་ཞིག་ཏུ“ཏིང་ཏིང་ཏིང་”ཞེས་ལྕགས་རིགས་སྣ་ཚོགས་བརྡུང་བའི་སྒྲ་གསལ་ལ་མི་གསལ་ཞིག་ཐོས་ཐུབ་ཅིང་། ང་ཚོས་སྒྲ་འདི་བརྒྱུད་ནས་སོང་བ་ན་བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་བཟོ་པའི་སློབ་གྲྭར་སླེབས་བྱུང་།
འདི་ནི་དབང་འདུས་ཚེ་རིང་རེད།
ང་ཚོས་གནའ་ཉམས་དོད་པའི་གཞུང་ལས་ཁང་ཞིག་གི་ནང་ནས་བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་བཟོ་པའི་སློབ་གྲྭའི་སློབ་སྤྱི་དབང་འདུས་ཚེ་རིང་ལགས་ལ་མཇལ་བྱུང་། དབང་འདུས་ཚེ་རིང་ལོ་16ནས་བཟུང་སློབ་གསོ་དང་རིག་གནས་སྐོར་ལ་འབྲེལ་བ་ཡོད་པའི་ལས་དོན་བསྒྲུབས་ཤིང་། ཁོ་རང་དགེ་རྒན་བྱས་མྱོང་བ་དང་། སློབ་གཞི་རྩོམ་འབྲི་བ་བྱས་མྱོང་ལ་བོད་རྒྱ་ཤན་སྦྱར་གྱི་ལས་ཀའང་བསྒྲུབས་མྱོང་། དེ་ནས་ཁོ་རང“ཞོལ་འདོད་དཔལ”དུ་ཡོང་སྟེ་རིག་གནས་རྒྱུན་འཛིན་བྱ་རྒྱུ་དེ་ལས་དོན་གལ་ཆེ་ཤོས་ཤིག་ཏུ་བརྩིས་ནས་འབད་པ་ཆེན་པོས་ཁྱབ་ཁོངས་དེའི་ནང་ནས་འོད་ལམ་ལམ་དུ་འཚེར་བར་བྱས། དབང་འདུས་ཚེ་རིང་གིས་བཤད་རྒྱུར། “སློབ་གྲྭ་བཙུགས་པ་ནས་ད་ལྟའི་བར་ང་ཚོས་ཐོག་མཐའ་བར་གསུམ་དུ་བོད་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱ་རྒྱུ་དེ་དམིགས་ཡུལ་དུ་བཟུང་སྟེ། སློབ་མར་ལག་རྩལ་ཞིག་བསླབས་ནས་ཤེས་སུ་འཇུག་དགོས་པར་མ་ཟད། ད་དུང་ཁོང་ཚོ་ལག་རྩལ་དེ་རྒྱུན་འཛིན་བྱེད་མཁན་གྱི་གསར་སྐྱེས་ཀྱི་སྟོབས་ཤུགས་ཤིག་ཏུ་འགྱུར་བར་བཅུག་ནས། དེང་རབས་སྤྱི་ཚོགས་སུ་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱིས་འོད་མདངས་གསར་པ་འཕྲོ་ཐུབ་པར་འཇུག་དགོས”ཞེས་བཤད།
བོད་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱེད་པའི་ལམ་བུའི་ཐོག “ཞོལ་འདོད་དཔལ”གྱིས་རང་ཉིད་ཀྱི་ཐོག་མའི་བསམ་འདུན་ནམ་ཡང་བརྗེད་མྱོང་མེད་པར། སློབ་ཁྲིད་ཀྱི་ལག་རྩལ་བྱང་ཆུབ་པའི་དགེ་རྒན་མང་པོ་ཞིག་གི་སྣེ་ཁྲིད་དེ་སེམས་ཤུགས་ཡོད་རྒུས་སློབ་མ་གསོ་སྐྱོང་དང་བརྩམས་ཆོས་གསར་རྩོམ་བྱས་ཏེ། རང་ཉིད་ཀྱི་སྤྲོ་སེམས་དང་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱེད་པའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་ཀྱིས་གནའ་བོའི“ཞོལ་འདོད་དཔལ”ལ་སླར་ཡང་སྐྱེས་སྟོབས་ཀྱི་དཔལ་བར་བཅུག
“སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་ང་ཚོས་ཤེས་བྱའི་ཆུ་ཚད་ཀྱི་མཐོ་དམན་ལྟར་ལག་ཤེས་བཟོ་རྩལ་གྱི་བརྩམས་ཆོས་ཁྱབ་སྤེལ་གཏོང་བར་འགོག་རྐྱེན་བཟོ་བ་དེ་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བར་མི་ཕན་པ་ཤེས”ཞེས་དབང་འདུས་ཚེ་རིང་གིས་བཤད་རྒྱུར། “གནས་ཚུལ་འདི་འདྲའི་འོག ང་ཚོས་སློབ་མར་ལག་རྩལ་རྒྱུས་ལོན་ཐུབ་པར་གསོ་སྐྱོང་བྱེད་པའི་དུས་མཚུངས་སུ་ད་རུང་སློབ་ཁྲིད་ཀྱི་ནང་དོན་རྒྱ་བསྐྱེད་ནས་སློབ་མ་ཚོའི་རིག་གནས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཙིགས་སུ་བཟུང་སྟེ། ཁོ་ཚོར་ལག་རྩལ་འདི་བྱང་ཆུབ་པ་ཤེས་སུ་འཇུག་པར་མ་ཟད། ད་རུང་ལག་རྩལ་འདིས་མཚོན་པའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་བྱེད་དུ་བཅུག་པ་ཡིན”ཞེས་བཤད།
སྲོལ་རྒྱུན་རིག་གནས་ཀྱི་ངོས་ནས་བརྗོད་ན། རིག་གནས་གསར་གཏོད་ཀྱིས་རྟག་པར་རིག་གནས་རྒྱུན་འཛིན་ལ་གསོན་ཤུགས་གསར་པ་ཞིག་སྦྱིན་གྱི་ཡོད། “ཞོལ་འདོད་དཔལ”གྱི་སློབ་གྲྭའི་ནང་དགེ་སློབ་ཚོས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་བརྩམས་ཆོས་གསར་བཟོ་བྱེད་པ་ཕུད། ད་དུང་སྲོལ་རྒྱུན་གྱི་བཟོ་རྩལ་དང་དེང་རབས་ཀྱི་མཛེས་དཔྱོད་ཟུང་འབྲེལ་བྱ་བར་ཡང་འབད་པ་བྱེད་བཞིན་ཡོད། “ཞོལ་འདོད་དཔལ”གྱི་འགྲེམས་སྟོན་ཚོམས་ཆེན་དུ་བསྐྱོད་པ་ན། དེར་སོར་རྩེ་ལས་མངོན་པའི་ཐང་ག་དང་། ངོ་མཚར་ཆེ་བའི་སྐུ་བརྙན་མཐོང་ཐུབ་པར་མ་ཟད། ད་རུང་མཛེས་དཔྱོད་དང་སྤྱོད་གོ་ཆོད་པའི་རིག་གནས་གསར་རྩོམ་གྱི་ཐོན་རྫས་མང་པོ་ཞིག་ཀྱང་མཐོང་ཐུབ་ཀྱི་ཡོད། དབང་འདུས་ཚེ་རིང་གིས་བཤད་རྒྱུར“དོན་སྙིང་ངེས་ཅན་ཞིག་གི་ཐད་ནས་བརྗོད་ན། རིག་གནས་གསར་གཏོད་ནི་དོན་དངོས་ཐོག་རིག་གནས་རྒྱུན་འཛིན་བྱེད་སྟངས་གཞན་ཞིག་ཡིན་ཞིང་། མིག་སྔར་ང་ཚོའི་སློབ་གྲྭར་ཧ་ལམ་རིག་གནས་གསར་གཏོད་ཀྱི་ཐོན་རྫས་300ལྷག་ཙམ་ཡོད་པ་དང་། རྗེས་ཕྱོགས་ང་ཚོས་ད་དུང་ཁྲོམ་ར་དང་མཉམ་འབྲེལ་བྱ་རྒྱུ་དང་། ཉོ་མཁན་གྱི་དགོས་མཁོར་རྒྱུས་ལོན་དང་རིག་གནས་ཀྱི་ཐུམ་སྒྲིལ་ཡག་པོ་བཟོ་བ་སོགས་ཀྱི་ལས་ཀ་སྤེལ་ནས་རིག་གནས་གསར་གཏོད་ཀྱི་ཐོན་རྫས་འདི་དག་བརྒྱུད་ནས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དུ་གཏོང་ངེས་ཡིན”ཞེས་བཤད།
མི་རབས་ནས་མི་རབས་བར་གྱི་འབད་བརྩོན་འོག“ཞོལ་འདོད་དཔལ”དེ་བོད་མི་རིགས་ཀྱི་ཕུལ་བྱུང་ལག་ཤེས་བཟོ་རྩལ་གྱི་ཤེས་ལྡན་མི་སྣ་རྒྱུན་འཛིན་བྱེད་པའི་འབྱུང་གནས་སུ་གྱུར་ཞིང་། ཞོལ་འདོད་དཔལ་གྱིས་ཀྱང་འབད་བརྩོན་ལྷོད་མེད་ཀྱིས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པ་དང་། མི་རིགས་ཀྱི་ཕུལ་བྱུང་ལག་ཤེས་བཟོ་རྩལ་བསྐྱར་དར་བྱེད་པའི་བྱ་གཞག་ཁྲོད་འཚོལ་ཞིབ་བྱེད་བཞིན་ཡོད། ཁོང་ཚོས་ཐོག་མཐའ་བར་གསུམ་དུ་རིག་གནས་རྒྱུན་འཛིན་བྱ་བར་ངེས་པར་དུ“ཐོག་མའི་བསམ་འདུན”བརྟན་པོ་སྲུང་དགོས་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་དེ། ཐོག་མཐའ་བར་གསུམ་དུ་དང་ཐོག་ཅིའི་ཕྱིར་རྡོག་ཐོན་བྱེད་དགོས་པ་དང་། མཐའ་མར་ཡང་ཅི་ཞིག་གི་ཆེད་དུ་ཡིན་པ་རྟོགས་ཐུབ་ཚེ། ད་གཟོད་སྔོན་བྱོན་པ་ཚོས་ང་ཚོར་བཞག་པའི་རྩ་ཆེའི་རིག་གནས་ཤུལ་བཞག་འདི་དག་རྒྱུན་འཛིན་ཡག་པོ་དང་དར་རྒྱས་གོང་སྤེལ་དུ་གཏོང་ཐུབ་ཅིང་། ད་གཟོད་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱལ་ཡོངས་སུ་ཁ་ཕྱོགས་པ་དང་། འཛམ་གླིང་དུ་ཁ་ཕྱོགས་སུ་འཇུག་ཐུབ་བོ།།