ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསེར་རིའི་མི་སྣ།

རྒན་ཉི་མ་བཀྲ་ཤིས་ལགས། བཀྲ་ཤིས་བདེ་ལེགས།

སྤེལ་དུས 2023-11-27 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར། རྩོམ་པ་པོ།
          ཟླ་11ཚེས་22ཉིན། ཀྲུང་གོ་བཟོ་སྐྲུན་ཁང་གི་དྲ་ཚུགས་སུ་སྤྱི་བསྒྲགས་སྤེལ་ནས་ཀྲུང་གོ་བཟོ་སྐྲུན་ཁང་གི་2023ལོའི་གསབ་འདེམས་དང་གསར་འདེམས་ཀྱི་ཡོན་ཧྲིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཉི་མ་བཀྲ་ཤིས་ནི་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིར་བདམས་ཡོད་པ་རེད།

 


          ཉི་མ་བཀྲ་ཤིས། དགེ་རྒན་ཆེན་མོ་བ། འབུམ་རམས་ཞིབ་འཇུག་སློབ་མའི་སློབ་དཔོན། རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་མ་ལག་ཁྱབ་ཁོངས་ཀྱི་རིག་གཞུང་གི་སྣེ་ཁྲིད་པ་དང་། བོད་ཡིག་གི་རིག་ནུས་ཆ་འཕྲིན་གོ་སྒྲིག་དང་བཀོལ་སྤྱོད་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ། བོད་ཡིག་ཆ་འཕྲིན་ལག་རྩལ་སློབ་གསོ་པུའི་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་རེད། 
          1988ལོར་བོད་ལྗོངས་སློབ་ཆེན་དུ་ལས་ཀར་ཞུགས་རྗེས། རྩིས་འཁོར་དང་དེ་བཞིན་བོད་ཡིག་ཆ་འཕྲིན་མ་ལག་གི་ལག་རྩལ་ཞིབ་འཇུག་དང་ལག་ལེན་ནང་དུ་ཕྱག་ལས་ལོ་35ཙམ་གནང་ནས། རྩིས་འཁོར་གྱི་བོད་ཡིག་ཨང་རྟགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཐབས་ཤེས་དང་དེ་བཞིན་བོད་ཡིག་ཨང་རྟགས་ཀྱི་ཚད་གཞི་གཞིར་བྱས་པའི་ཆ་འཕྲིན་གོ་སྒྲིག་དང་། བཀོལ་སྤྱོད་མ་ལག་གི་བོད་ཡིག་གོ་སྒྲིག་ལག་རྩལ་གྱི་ཐབས་ཤེས། བོད་ཡིག་གི་རྩིས་རྒྱག་སྐད་བརྡ་རིག་པའི་རིགས་པའི་གཞུང་ལུགས་ཀྱི་ཐབས་ཤེས། བོད་ཡིག་གི་གནའ་དཔེའི་ཚད་ལྡན་ཡིག་ཆའི་གྲངས་འཛིན་ཅན་གྱི་ལག་རྩལ་སོགས་ཁྱབ་ཁོངས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས། རང་རྒྱལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རིང་གི་ཆ་འཕྲིན་ཅན་གྱི་དགོས་མཁོ་གལ་ཆེན་སྐོང་བ་དང་རྒྱལ་ཁབ་ཀྱི་སྐད་དང་ཡི་གེའི་ཆ་འཕྲིན་མ་ལག་གི་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། 
          ཁོང་ལ་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གཉིས་པ་དང་། རྒྱལ་ཡོངས་ཀྱི་གསར་གཏོད་སྔོན་བརྩོན་གྱི་གཟེངས་བསྟོད་ལག་ཁྱེར། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་གྱི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ། ཧོ་ལེང་ཧོ་ལིས་ཐེབས་རྩའི་ཚན་རིག་དང་ལག་རྩལ་གྱི་གསར་གཏོད་བྱ་དགའ། ཀྲུང་གོའི་ཚད་གཞིའི་གསར་གཏོད་ལེགས་སྐྱེས་བྱ་དགའི་བྱ་དགའ་རིམ་པ་དང་པོ། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་བྱ་དགའི་བྱ་དགའ་རིམ་པ་དང་པོ་3དང་བྱ་དགའ་རིམ་པ་གཉིས་པ་2 བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་གཞོན་ནུའི་ཚན་རྩལ་བྱ་དགའ་བཅས་ཐོབ་པ་དང་། རྒྱལ་ཁབ་མི་དོན་པུའི་བྱས་རྗེས་རིམ་པ་དང་པོ་བླངས་ཐུབ་ཡོད་ལ། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་དང་སློབ་གསོ་པུའི་སྐབས་དང་པོའི་ན་གཞོན་དགེ་རྒན་གྱི་བྱ་དགའ། པའོ་ཀང་སློབ་གསོའི་བྱ་དགའི་ཕུལ་བྱུང་དགེ་རྒན་གྱི་དམིགས་བསལ་བྱ་དགའ། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ། རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས། རྒྱལ་ཁབ་ཀྱི“ཤེས་ལྡན་པ་བརྒྱ་སྟོང་ཁྲིའི་འདུ་འགོད”ཀྱི་རིམ་པ་དང་པོ་དང་གཉིས་པའི་འོས་མི། “དུས་རབས་གསར་པའི་ཤེས་ལྡན་པ་བརྒྱ་སྟོང་ཁྲིའི་འདུ་འགོད”ཀྱི་རྒྱལ་ཁབ་རིམ་པའི་འོས་མི། རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞིའི”ཁག་དང་པོའི་སྣེ་ཁྲིད་ཤེས་ལྡན་པ་སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ་ཡོད་པ་རེད།